ཡུ་རོབ་ལ་ཨ་རིའི་ཤུགས་རྐྱེན་མེད་པའི་དམག་དོན་སྒྲིག་འཛུགས་ཤིག་དགོས་འདུག་ཅེས་བརྗོད་འདུག
ཟླ་འདིིའི་ཚེས་༣ ཉིན་ཧིན་དུ་དུས་བབ་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། ཧང་གྷ་རིའི་སྲིད་བློན་གྱིས་ཡུག་རེན་གྱི་དམག་འཁྲུག་མ་ལངས་སྔོན་ཁོང་གིས་ཨུ་རུ་སུའི་སྲིད་འཛིན་དང་ཐུག་འཕྲད་བྱས་ཡོད་པ་དང་། ཡུ་རོབ་ལ་ཨ་རི་ཡི་ཤུགས་རྐྱེན་མེད་པའི་དམག་དོན་སྒྲིག་འཛུགས་ཤིག་དགོས་པ། ཨ་རི་ཡིས་སོ་སོའི་རྒྱ་བསྐྱེད་གཏོང་འདོད་ཀྱི་རེ་འདུན་དེ་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨུ་རུ་སུའི་བར་གྱི་དཀའ་ངལ་ཇེ་ཆེ་རུ་གཏོང་གི་འདུག་ཅེས་བརྗོད་འདུག
ཡུག་རེན་དང་ཨུ་རུ་སུའི་བར་དམག་འཁྲུག་ལངས་ནས་ད་བར་ལོ་ངོ་ཧྲིལ་པོ་གཅིག་ལྷག་འགྲོ་བཞིན་ཡོད་པ་དང་། ལྷག་པར་དུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་ཡུག་རེན་ལ་མཚོན་ཆའི་རོགས་རམ་མུ་མཐུད་ནས་བྱེད་བཞིན་ཡོད་པར་བརྟེན་ཕྱོགས་གཉིས་བར་གྲོས་མོལ་ཡོང་རྒྱུ་ནི་ཁག་པོ་ཆགས་ཡོད་འདུག ཡུག་རེན་དང་ཨུ་རུ་སུའི་དམག་འཁྲུག་དེ་ཡི་དབང་གིས་ད་ལྟའི་ཆར་ཚོགས་མི་རྒྱལ་ཁབ་སུམ་ཅུ་ཡོད་པའི་བྱང་ཆིངས་རྩ་འཛུགས་ཀྱི་ནང་ཁུལ་དུ་ཡང་བསམ་ཚུལ་མ་མཐུན་པ་ཡོང་བཞིན་ཡོད་འདུག ཧང་གྷ་རི་ཡིས་ཨ་རི་ནི་དཀའ་ངལ་ཞིག་རེད་ཅེས་བརྗོད་པར་ལྟར་ན་ཧང་གྷ་རི་ནི་ཨུ་རུ་སུའི་ཕྱོགས་སུ་ཡོད་པ་གསལ་བོ་ཆགས་ཡོད་འདུག
ཟླ་འདིའི་ཚེས་༣ ཉིན་ཧང་གྷ་རིའི་སྲིད་བློན་ལ་བཅར་འདྲི་ཞིག་བྱེད་པའི་སྐབས་སུ་ཁོང་གིས་ཡུ་རོབ་ཀྱི་རྒྱལ་ཁབ་ཚོས་གཞན་གྱི་རོགས་པ་མེད་པའི་ཐོག་ནས་སོ་སོ་སྲུང་སྐྱོབ་བྱེད་རྒྱུ་ལ་གྲ་སྒྲིག་དགོས་པ་དང་། གལ་སྲིད་ཡུ་རོབ་ལ་ཨ་རིའི་ཤུགས་རྐྱེན་མེད་པའི་དམག་དོན་གྱི་སྒྲིག་འཛུགས་ཤིག་ཡོད་ན་ཡུ་རོབ་ཀྱི་དཀའ་ངལ་དེ་སེལ་ཐུབ་ཀྱི་རེད་ཅེས་བརྗོད་འདུག་ལ། ཨ་རིས་ཡུ་རོབ་ནི་རྩོད་རྙོག་གི་ནང་དུ་དྲུད་བཞིན་ཡོད་པ་དང་ཨ་རི་ཡིས་སོ་སོའི་རྒྱ་བསྐྱེད་གཏོང་འདོད་ཀྱི་རེ་འདུན་དེ་ཡིས་ནུབ་ཕྱོགས་རྒྱལ་ཁབ་ཁག་དང་ཨུ་རུ་སུའི་བར་གྱི་དཀའ་ངལ་ཇེ་ཆེ་རུ་གཏོང་གི་འདུག་ཅེས་བརྗོད་འདུག
ཧང་གྷ་རི་ནི་ཡུག་རེན་གྱི་ཁྱིམ་མཚེས་རྒྱལ་ཁབ་ཅིག་ཡིན་པ་དང་ཡུག་རེན་གྱི་དམག་འཁྲུག་དང་ནུབ་ཕྱོགས་པ་ཚོས་ཨུ་རུ་སུ་ལ་དཔལ་འབྱོར་གྱི་ཆད་པ་བཅད་པ་སོགས་ལ་བརྟེན། ཧང་གྷ་རིའི་ནང་དུ་སྣུམ་དང་སོལ་རླངས་སོགས་ཀྱི་གོང་ཚད་འཕར་པ་བཅས་ཀྱི་དཀའ་ངལ་ཆེན་མོ་འཕྲད་བཞིན་ཡོད་འདུག
ཧང་གྷ་རིའི་སྲིད་བློན་གྱིས་བརྗོད་གསལ་ལྟར་ན། ཡུག་རེན་གྱི་དམག་འཁྲུག་མ་ལངས་པའི་བདུན་ཕྲག་གཉིས་ཙམ་གྱི་སྔོན། ཁོང་ཀྱིས་ཨུ་རུ་སུའི་སྲིད་འཛིན་དང་ཐུག་འཕྲད་བྱས་ཡོད་པ་དང་། སྐབས་དེ་ཨུ་རུ་སུའི་སྲིད་འཛིན་གྱིས་ཧང་གྷ་རི་ལྟ་བུ་ཞིག་བྱང་ཆིངས་རྩ་འཛུགས་ཀྱི་ཚོགས་མི་ལ་ཞུགས་ན་ཨུ་རུ་སུ་ལ་དཀའ་ངལ་མེད་ཀྱང་། གལ་སྲིད་ཡུག་རེན་དང་འཇོར་ཇི་ཡ་གཉིས་བྱང་ཆིངས་རྩ་འཛུགས་ནང་ཞུགས་ན་དེ་ནི་ཨུ་རུ་སུའི་དཀའ་ངལ་ཞིག་ཡིན་རབས་བརྗོད་ཡོད་འདུག ཨ་རི་ཡིས་ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་པོ་ལན་ཌི་དང་རོ་མ་ནི་ཡའི་ནང་དུ་གོ་མཚོན་བཞག་ཡོད་པ་མ་ཟད། ཨ་རི་ཡིས་གལ་ཆེན་གྱི་གོ་མཚོན་བཀག་སྡོམ་གྱི་ཆིངས་ཡིག་མཚམས་འཇོག་བྱས་ཡོད་པར་བརྟེན། ཨུ་རུ་སུས་ཨ་རི་ལ་དགག་པ་རྒྱག་གི་ཡོད་པ་དང་། ཨུ་རུ་སུའི་ཁྱིམ་མཚེས་རྒྱལ་ཁབ་ཚོ་བྱང་ཆིངས་རྩ་འཛུགས་ཀྱི་ནང་ཞུགས་རྒྱུ་ལ་དགག་པ་རྒྱག་གི་ཡོད་འདུག
ཟླ་འདིའི་མཇུག་ཏུ་ནུབ་ཕྱོགས་རྒྱལ་ཁབ་ཁག་གིས་མཁོ་སྤྲོད་བྱས་པའི་ཁྲབ་ལྡན་འཐབ་འཁོར་དག་དམག་ས་རུ་འབྱོར་རྒྱུ་ཚོད་དཔག་བྱེད་བཞིན་ཡོད་པ་དང་། གོ་མཚོན་དེ་དག་གིས་ཕྱོགས་གཉིས་བར་གྲོས་མོལ་ཡོང་སྲིད་པའི་ཐབས་ལམ་ལ་བར་ཆད་སྤྲད་སྲིད་པའི་གནས་ཚུལ་ཐོན་འདུག།
གསར་འགོད་པ། བློ་བཟང་རྒྱ་མཚོ།