བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་དྲུག་གིས་ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གི་གཞུང་ཚབ་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་སྤེལ་འདུག

མགོན་པོ་སྐྱིད་ཀྱིས་རྒྱ་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་པའི་གཅུང་པོ་རྡོ་རྗེ་བཀྲ་ཤིས་དང་ཐུག་འཕྲད་ཆེད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་དང་པོར་ཕྱིན་ཡང་ཐུག་འཕྲད་བྱེད་དུ་མ་བཅུག་པར། ཉེན་རྟོག་པས་ཉེས་རྡུང་བཏང་སྟེ་རྐང་པ་གཅིག་ལ་རྨས་སྐྱོན་བཟོས་པ་མ་ཟད། ཁོང་མོའི་སྡོད་གནས་ལ་དམ་དྲག་བྱས་རྐྱེན་གཡག་མགྲོན་ཁང་གི་་ཐོག་བརྩེགས་གཉིས་པ་ནས་མར་མཆོངས་ཏེ། རང་སྲོག་གཅོད་ཐབས་བྱས་པས་རྐང་ལག་དང་སྐེད་པར་རྨས་སྐྱོན་ཕོག་ནས་ད་ལྟའི་ཆར་ཛ་དྲག་གི་གནས་སུ་ལྷུང་ཡོད་འདུག

དེ་ཡང་ཕྱི་ཟླ་ ༨ པའི་ཚེས་ ༡༨ ཉིན་མགོན་པོ་སྐྱིད་ཀྱིས་རྒྱ་གཞུང་གིས་ཚེ་བཙོན་ཁྲིམས་ཐག་བཅད་པའི་གཅུང་པོ་རྡོ་རྗེ་བཀྲ་ཤིས་དང་ཐུག་འཕྲད་ཆེད་དུ་བོད་རང་སྐྱོང་ལྗོངས་ཟེར་བའི་བཙོན་ཁང་དང་པོར་ཕྱིན་ཡང་ཐུག་འཕྲད་བྱེད་དུ་མ་བཅུག་པར། ཉེན་རྟོག་པས་ཉེས་རྡུང་བཏང་སྟེ་རྐང་པ་གཅིག་ལ་རྨས་སྐྱོན་བཟོས་ཡོད་འདུག་ལ། སྐབས་དེར་ཞི་ཅིན་ཕིང་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ནས་ལོ་ ༦༠ འཁོར་བའི་རྟེན་འབྲེལ་ཚོགས་འདུ་ཟེར་བའི་ཆེད་དུ་བོད་ཀྱི་རྒྱལ་ས་ལྷ་སར་འབྱོར་གྱི་ཡོད་སྟབས། ཚེས་ ༡༩ ཉིན་མགོན་པོ་སྐྱིད་ཀྱི་འགྲོ་འདུག་གི་རང་དབང་ལ་དམ་དྲག་ཤུགས་ཆེར་བྱས་ཏེ། རང་ཉིད་སྡོད་གནས་གཡག་མགྲོན་ཁང་ནས་ཕྱི་ལོགས་སུ་འགྲོ་བཅུག་མེད་པ་མ་ཟད། ཕྱི་ཚེས་ ༢༠ ཉིན་གྱི་སྔ་དྲོར་ཁོང་མོ་ཁང་པའི་ཐོག་བརྩེགས་གཉིས་པ་ནས་མར་མཆོངས་སྟེ། རང་སྲོག་གཅོད་ཐབས་བྱས་པར་རྐང་ལག་དང་སྐེད་པར་རྨས་སྐྱོན་ཕོག་ཡོད་འདུག ད་དུང་རང་ཉིད་ཀྱི་གཅུང་པོར་མི་དཀར་པོར་ཞྭ་མོ་ནག་པོ་གཡོག་གི་ཡོད་པ་དང་། རྒྱ་ནག་གི་རྩ་ཁྲིམས་གཞིར་བཟུང་དྲང་བདེན་གྱི་ཁྲིམས་བཤེར་གཙོས་བཙོན་འཇུག་ཁྲོད་ནང་མི་དང་ཁྲིམས་རྩོད་པ་ཐུག་འཕྲད་བྱ་རུ་བཅུག་དགོས་པའི་ཞུ་འབོད་གནང་བཞིན་པ་བརྙན་ལམ་ནས་མཐོང་རྒྱུ་འདུག

རྡོ་རྗེ་བཀྲ་ཤིས་ལགས་ནི་བོད་ནང་གི་ཚོང་པ་ཆེན་པོ་དང་གཡག་མགྲོན་ཁང་གི་སྦྱིན་བདག་ཡིན་པ་དང་། ༢༠༠༨ བརྒྱད་ལོའི་ས་བྱི་ཞི་རྒོལ་ཆེན་མོར་མཉམ་ཞུགས་བྱེད་མཁན་རྣམས་ཁོང་གིས་མགྲོན་ཁང་དུ་ཉར་ཡོད་པ་དང་། བཙན་བྱོལ་གྱི་སྒྲིག་འཛུགས་ཁག་ལ་མ་དངུལ་གྱི་རོགས་སྐྱོར་བྱས་ཡོད་པའི་ཉེས་མིང་འོག་རྒྱ་ནག་གཞུང་གིས་ཕྱི་ལོ་༢༠༠༨ ལོའི་ཟླ་༧་པའི་ཚེས་༡༠ ཉིན་བཙོན་འཇུག་བཀག་ཉར་བྱས་ཡོད་པ་རེད། ༢༠༡༠ ལོར་གསང་བའི་ཁྲིམས་བཤེར་བརྒྱུད་ཁོང་ལ་བུ་ལོན་གཡོ་ལེན་བྱས་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཡོད་པ་དང་། ད་ལྟ་ལོ་༡༧ འགྲོ་བཞིན་ཡོད་འདུག དེའི་རིང་བཙོན་ཁང་ནང་ཉེས་རྡུང་མནར་གཅོད་ཚད་མེད་བཏང་རྐྱེན། རྡོ་རྗེ་བཀྲ་ཤིས་ལགས་ཀྱི་སྐུ་གཟུགས་གནས་སྟངས་ཛ་དྲག་ངང་དུ་གནས་ཡོད་པའི་གནས་ཚུལ་ཉེ་སྔོན་གོ་ཐོས་བྱུང་ཡོད་པ་རེད། 

མགོན་པོ་སྐྱིད་ལགས་ནི་རྡོ་རྗེ་བཀྲ་ཤིས་ཀྱི་གཅེན་མོ་ཡིན་ཞིང་། ཁོང་༢༠༠༧ ལོར་རྒྱ་ནག་གཞུང་གིས་བཙོན་འཇུག་བཀག་ཉར་བྱས་པ་དང་། རྡོ་རྗེ་བཀྲ་ཤིས་ལ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པ་ནས་བཟུང་། ད་བར་རྒྱ་ནག་གཞུང་གི་ཁྲིམས་སྒྲིག་གཞིར་བཟུང་བདེན་དཔང་ཐོབ་རྒྱུའི་ཞུ་གཏུག་དང་། ཁོང་གློད་བཀྲོལ་ཡོང་བ་བཅས་ཀྱི་ལས་འགུལ་རིམ་པ་མང་པོ་ཞིག་སྤེལ་ཡོད་པ་དང་། རྒྱ་གཞུང་གིས་ཁོང་མོའི་འཚེ་མེད་ཞི་བའི་ངོ་རྒོལ་དེར། དབང་ཤེད་ཀྱིས་བཀག་འགོག་དང་དུས་བཀག་བཙོན་འཇུག ཉེན་རྟོག་པས་མི་སྤྱོད་ལས་འདས་པའི་མནར་གཅོད་བཏང་བའི་རྐྱེན་གྱིས། ཁོང་གི་སྐུ་གཟུགས་གནས་སྟངས་ཡག་པོ་མེད་ཐོག་ད་ཐེངས་ཀྱི་གནས་ཚུལ་འདི་བྱུང་འདུག

སྤྱིར་ཞི་ཅིན་ཕིང་ད་ཆར་བོད་རང་སྐྱོང་ལྗོངས་ཟེར་བ་བཙུགས་ཏེ་ལོ་ ༦༠ འཁོར་བ་སྲུང་བརྩིའི་ཆེད་བོད་ཀྱི་རྒྱལ་ས་ལྷ་སར་སླེབས་ཡོད་པ་དང་། དེ་ཡང་ཁོས་འཛམ་གླིང་གི་སྣང་ངོར་བོད་དེ་ཞི་བདེ་དང་ཡར་རྒྱས་སྐོར་དྲིལ་བསྒྲགས་བྱེད་ཆེད་དུ་ཡིན་པ་བཞིན། དེའི་རིང་ལྷག་ཏུ་བོད་མི་རྣམས་ཀྱི་འགྲོ་འདུག་སོགས་དམ་དྲག་ཆེན་པོ་བྱེད་བཞིན་ཡོད་འདུག་ལ། གོ་ཐོས་ལྟར་ན་རྡོ་རྗེ་བཀྲ་ཤིས་ལགས་ཀྱི་གཅེན་པོ་རྡོ་རྗེ་ཚེ་བརྟན་ཉེ་ཆར་ལྷོ་ཁར་བཙན་ཁྲིད་ཀྱིས་ད་ལྟ་ལྷ་སར་ཡོང་ཆོག་གི་མེད་པ་རེད་འདུག དེ་དང་འབྲེལ་ནས་ནིའུ་ཡོག་བོད་རང་བཙན་སློབ་ཕྲུག་ཚོགས་པའི་ཚོགས་མི་བོད་རིགས་གཞོན་སྐྱེས་དྲུག་གིས་མ་བསྐུལ་དང་བླངས་ཀྱིས། ཕྱི་ཟླ་༨ ཚེས་༢༠ ཉིན་གྱི་དགོང་མོ་ནས་ཚེས་༢༡ གི་དགོང་མོ་བར་ཕྱག་ཚོད་༢༤ རིང་། ནིའུ་ཡོག་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་དུ་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ཞིག་གོ་སྒྲིག་ཞུས་འདུག་པ་དང་། ཁོང་རྣམ་པའི་ལས་འགུལ་གྱི་དགོས་འདུན་ནི་རྒྱ་གཞུང་གིས་བོད་ཀྱི་ཆབ་སྲིད་བཙོན་པ་རྡོ་རྗེ་བཀྲིས་འཕྲལ་དུ་གློད་གྲོལ་གཏོང་དགོས་པ་དང་། ཁོང་ལ་དྲང་བདེན་གྱི་ཁྲིམས་བཤེར་དགོས་པ་དང་། ཁོང་གི་ནང་མིས་ཁྲིམས་རྩོད་པ་ཐུག་འཕྲད་བྱ་རུ་འཇུག་དགོས་པ། དེ་བཞིན་མགོན་པོ་སྐྱིད་ལགས་ཀྱི་ཞི་བའི་ལས་འགུལ་རིམ་པ་གནང་བའི་སྙིང་སྟོབས་དང་དྲང་བདེན་ལ་རྒྱབ་སྐྱོར་མཚོན་ཆེད་ཙམ་མ་ཟད། བོད་ནང་མྱོང་བཞིན་པའི་མནར་གཅོད་དེ་དག་ཕྱིའི་འཛམ་གླིང་ལ་གོ་རྟོགས་སྤེལ་རྒྱུ་སོགས་ལ་དམིགས་པ་བཅས་ཡིན་པ་འདུག ནིའུ་ཡོག་ས་གནས་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་རྒྱུན་ལས་ནས་ཀྱང་ཁོང་རྣམ་པའི་ཟས་བཅད་ངོ་རྒོལ་གྱི་ལས་འགུལ་ལ་རྒྱབ་སྐྱོར་ཆེད་ལས་ཀ་ཚར་འཕྲལ་མཉམ་ཞུགས་བྱས་ཡོད་འདུག

གསར་འགོད་པ། བསྟན་འཛིན་ལམ་བཟང་།