རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུའི་ཡོ་ག་ལུས་སྦྱོང་ལས་འགུལ།
ཡོ་ག་རྩེ་བའི་སྐབས་སུ་ཆེས་གལ་ཆེ་ཤོས་ནི། གཟུགས་པོ་འཁྱེར་སྟངས་དང་། དབུགས་གཏོང་ལེན། མིག་གི་ལྟ་སྟངས་གསུམ་ཡིན་སྐོར་དབུགས་སྦྱོང་དང་ལུས་རྩལ་སློབ་ཁྲིད་བྱེད་མཁན་ཚེ་རིང་དབྱངས་འཛོམས་ཀྱིས་གསུངས་སོང་།
ཟླ་འདིའི་ཕྱི་ཚེས་༢༡ ཉིན་དེ། རྒྱལ་སྤྱིའི་ཡོ་གའི་ཉིན་མོ་རུ་བརྩི་སྲུང་བྱེད་ཀྱི་ཡོད་པ་ལྟར། ཉིན་དེའི་སྔ་དྲོའི་ཆུ་ཚོད་༦ དང་སྐར་མ་༣༠ ནས་འགོ་འཛུགས་ཀྱིས་ཆུ་ཚོད་གཅིག་ཡས་མས་རིང་། བོད་མིའི་སྒྲིག་འཛུགས་ཀྱི་གོ་སྒྲིག་འོག དྷ་ས་ཐེག་ཆེན་ཆོས་གླིང་གཙུག་ལག་ཁང་དུ། འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་དང་། ཤེས་རིག་བཀའ་བློན་པདྨ་དབྱངས་ཅན་གཉིས་ཀྱིས་གཙོས་པའི་མཛད་གཙོ་རྣམ་པ་དང་། སྲི་ཞུའི་ལས་བྱེད། སློབ་ཕྲུག མང་ཚོགས་ཁག་ཅིག་བཅས་འཛོམས་ཏེ་‘རྒྱ་གར་གྱི་འཕྲོད་བསྟེན་གོང་འཕེལ་གྱི་ལས་འགུལ་’ཞེས་པའི་འགོ་བརྗོད་ཀྱི་ཐོག་ནས་ཡོ་ག་སྦྱོང་བརྡར་གནང་སོང་ཞིང་། དེ་ནི་འདི་ལོར་རྒྱ་གར་གཞུང་མང་ལ་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་ཐུགས་རྗེ་ཆེ་ཞུའི་ལས་འགུལ་སྤེལ་བཞིན་པ་དེའི་ཆ་ཤས་སུ། དེ་རིང་རྒྱ་གར་དབུས་གཞུང་གིས་སྣེ་ཁྲིད་དེ་ཡོ་གའི་ཉིན་མོའི་སྲུང་བརྩི་ཞུ་བཞིན་པ་དེར་མཉམ་ཞུགས་མཚོན་པའི་ཐོག་ནས་རྒྱ་གར་གཞུང་མང་ལ་ཐུགས་རྗེ་ཆེ་ཞུ་ཆེད་དུ་ཡིན་འདུག
ལས་རིམ་གྱི་ཐོག་མར་ད་ལྟ་རྒྱ་གར་གྱི་རྒྱལ་ས་ལྡི་ལིའི་ཉེ་འཁྲིས་གྷུར་གྷང་དུ། དབུགས་སྦྱོང་སློབ་ཁྲིད་དང་གཟུགས་གཞིའི་བདེ་ཐང་ལ་ཕན་པའི་ལུས་རྩལ་སློབ་ཁྲིད་བྱེད་མཁན་བོད་པའི་བུད་མེད་ཚེ་རིང་དབྱངས་འཛོམས་ཀྱིས་ཡོ་གའི་སློབ་ཁྲིད་གནང་སོང་། སྐབས་དེར་མོས། ཡོ་གའི་ནང་སྦྱོང་བརྡར་སྤྲོད་ས་གལ་ཆེ་ཤོས་དེ་གཟུགས་པོ་གཅིག་པུ་མཉེན་པོ་དང་ཐང་པོ་བཟོ་རྒྱུ་མིན་པར་སེམས་པ་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་སྐོར་དང་། ནམ་རྒྱུན་ཕྱི་ལོགས་ནས་རྒྱུག་ཤར་གློད་པ་དང་། རྐང་རྩེད་སྤོ་ལོ་རྩེ་བ། ལྕགས་བཀྱག་པ་སོགས་ལས་གཟུགས་པོའི་ཆ་ཤས་ལ་སྦྱོང་བརྡར་སྤྲོད་ཀྱི་ཡོད་པ་ལས་སེམས་པ་ལ་སྦྱོང་བརྡར་སྤྲོད་ཀྱི་མེད་ཀྱང་། ཡོ་ག་ལས་སེམས་གུ་དོག་པོ་དང་། ཁོང་ཁྲོ་ཟ་ཆོག་ཆོག་ཡོད་པ་སོགས་ལ་ཕན་རླབས་ཆེན་པོ་ཡོད་སྐོར། ཡོ་ག་རྩེ་བའི་སྐབས་སུ་ཆེས་གལ་ཆེ་ཤོས་ནི། གཟུགས་པོ་འཁྱེར་སྟངས་དང་། དབུགས་གཏོང་ལེན། མིག་གི་ལྟ་སྟངས་གསུམ་ཡིན་སྟབས་དེ་གསུམ་ཡག་པོ་ཤེས་རྒྱུ་གནད་འགག་ཡིན་སྐོར་སོགས་ཡོ་གའི་ཕན་ཡོན་དང་གོ་དོན་གྱི་སྐོར་ལ་འགྲེལ་བཤད་བསྐྱོན་སོང་བ་མ་ཟད། གཟུགས་གཞི་བདེ་ཐང་ནི་ཕ་མར་དྲིན་གཟོ་བ་སོགས་བྱ་བ་ཀུན་གྱི་རྨང་གཞི་ཡིན་སྟབས་དེ་ཧ་ཅང་གལ་གནད་ཆེན་པོ་ཡིན་སྐོར་གསུངས་རྗེས་ལུས་སྦྱོང་དང་ཡོ་གའི་རིམ་པ་ཁག་ཅིག་སློབ་ཁྲིད་གནང་སོང་།
མཇུག་ཏུ་ཡོ་ག་སྦྱོང་བརྡར་ཚར་རྗེས་བོད་མིའི་སྒྲིག་འཛུགས་ཀྱི་འཕྲོད་བསྟེན་བཀའ་བློན་ཆོས་སྐྱོང་དབང་ཕྱུག་གིས། འཛམ་གླིང་ཡོ་གའི་ཉིན་མོའི་སྲུང་བརྩིའི་མཛད་སྒོའི་ཐོག་ཕེབས་མཁན་ཚང་མར་དགའ་བསུ་དང་། ཚེ་རིང་དབྱངས་འཛོམས་ལས་བྲེལ་ཆེ་མིན་ལ་མ་ལྟོས་པར་ཡོ་ག་སློབ་ཁྲིད་གནང་ཆེད་ཕེབས་པར་བཀའ་དྲིན་ཆེ་ཞུ། དེ་རིང་གི་མཛད་རིམ་དེ་རྒྱ་གར་ལ་ཐུགས་རྗེ་ཆེ་ཞུའི་ངོ་བོའི་ཐོག་ནས་བརྩི་སྲུང་བྱེད་ཀྱི་ཡོད་པ་དང་། དེའི་རྒྱུ་མཚན་ནི་རྒྱ་གར་གྱི་སྲིད་བློན་མོ་དྷི་ཡིས་དུས་དང་རྣམ་པ་ཀུན་ཏུ་ཁོར་ཡུག་གཙང་བཟོ་དང་། ཡོ་གའི་ཐོག་དོ་འཁུར་ཤུགས་ཆེན་གནང་གི་ཡོད་སྟབས་ཡིན་པ་མ་ཟད། ནམ་རྒྱུན་དུ་ནད་རིགས་སྔོན་འགོག་ཅེས་བརྗོད་པ་བཞིན་དེར་ཡོ་གའི་ལུས་སྦྱོང་གིས་ཕན་ཐོགས་ཀྱི་ཡོད་སྐོར་བཅས་གསུངས་སོང་།།
གསར་འགོད་པ་བཀྲ་ཤིས་དོན་གྲུབ།