རྒྱ་གར་དཔོན་རིགས་ལ་བོད་དོན་རྒྱབ་སྐྱོར་ཡོང་བའི་ཞུ་འབོད་ལས་འགུལ་སྤེལ་བཞིན་པ།

ཟླ་འདིའི་ཚེས་༡༠ ཉིན་ཏེ། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་ཉིན་མོ་ནས་འཆར་ལོའི་ཕྱི་ཟླ་༡ པོ་རྫོགས་མཚམས་བར། བོད་ཀྱི་བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་དབུས་གཞུང་བློན་ཆེན་དང་། མངའ་སྡེའི་དབུ་ཁྲིད། བོད་དོན་རྒྱབ་སྐྱོར་ཚོགས་པའི་མི་སྣར་བོད་ནང་དུ་ད་ལྟའི་ཛ་དྲག་གི་གནང་སྟངས་ཐོག་ལ་ཁོང་རྣམས་ནས་ཐུགས་སྣང་དང་མུ་མཐུད་རྒྱབ་སྐྱོར་ཤུགས་ཆེ་གནང་སྐྱོང་ཡོང་བའི་འབོད་སྐུལ་ཞུ་བཞིན་ཡོད་པ་རེད།

ཚོགས་པའི་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། “རྒྱ་དམར་གྱིས་བོད་བཙན་འཛུལ་བྱས་པའི་རྒྱུད་རིམ་ནང་བོད་མི་ས་ཡ་གཅིག་དང་འབུམ་གཉིས་ལྷག་ཙམ་དུས་མིན་རྐྱེན་འདས་སུ་ཕྱིན་ཡོད། རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་སྐྱོན་བརྗོད་དང་ངོས་ལེན་མེད་ནའང་ཕྱི་ལོ་༡༩༥༠ ལོ་ནས་འགོ་བཙུགས་ཏེ་རྒྱ་དམར་གྱི་དྲག་གནོན་འོག་བོད་ཧམ་བཟུང་བྱས་པ་ནས་བཟུང་རྒྱུན་མཐུད་དེ་ཆེད་མངགས་བོད་མིའི་འགྲོ་བ་མིའི་ཐོང་ཐང་རྡོག་རོལ་བཏང་དང་གཏོང་མུས་ཡིན་པ་མ་ཟད། བོད་མིའི་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཀྱང་མཐའ་གཅིག་ཏུ་རྡོག་རོལ་གཏོང་བཞིན་ཡོད། རྒྱ་གཞུང་གིེས་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བར་རྒྱལ་སྤྱིའི་ཐོག་དེ་དག་བཀག་འདོམས་ཡོང་སླད་ཕྱི་ལོ་༢༠༠༩ ཟླ་༢ ཚེས་༢༧ ནས་ད་བར་གཞིས་ལུས་བོད་མི་༡༥༥ ནས་རང་ལུས་མེར་བསྲེགས་བཏང་ཡོད། ད་ལྟའི་ཆར་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་གཏོང་བཞིན་པ་དེ་ནི་རྒྱ་གཞུང་གིས་མཐའ་གཅིག་ཏུ་ལག་བལྟར་བཀོད་འདོམས་བྱེད་པ་ཞིག་ཡིན། བོད་མིའི་རྒྱལ་ཞེན་གྱི་འཐབ་རྩོད་ཐེར་འདོན་བྱེད་ཆེད་རྒྱ་གཞུང་གིས་ངོས་ནས་ལས་འགུལ་མང་དག་ཅིག་འཆར་བཀོད་བྱེད་ཡོད། དེ་དང་དུས་མཚུངས་བོད་ཀྱི་སྐད་ཡིག་དང་རིག་གཞུང། ཆོས་ལུགས། གོམས་སྲོལ་སོགས་ཕྱོགས་ཡོངས་ནས་རྩ་མེད་བཟོ་ཐབས་སུ་རྒྱ་གཞུང་གིས་སྲིད་བྱུས་མང་དག་ཅིག་ལག་བསྟར་བྱེད་ཀྱི་ཡོད། ད་དུང་བོད་ནང་འགྲོ་བ་མིའི་ཐོབ་ཐང་རྡོག་རོལ་འགྲོ་བའི་གནས་སྟངས་སྐོར་རྒྱལ་སྤྱིའི་ཐོག་ཁྱབ་གདལ་མི་འགྲོ་བའི་སླད་བོད་ནང་གི་གནས་ཚུལ་མཁྲོ་སྤྲོད་དང་ཕྱིར་ཐོན་མི་འགྲོ་བར་དོ་ནན་དམ་དྲག་ངང་སྟངས་འཛིན་བྱེད་བཞིན་ཡོད་”ཅེས་དང་། པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་དགུང་གྲངས་དྲུག་ཐོག་འཇུ་བཟུང་སྐབས་འཛམ་གླིང་གི་བཙོན་པ་ཆུང་ཤོས་ཆགས་ཡོད་པ་དང་། ད་ལྟ་དགུང་ལོ་༣༠ ཟིན་ལ་ཉེ་ན་ཡང་། ད་ལྟའི་གནས་སྟངས་གང་ཡང་ཁ་གསལ་མེད་སྐོར་སོགས་འཁོད་འདུག

བུད་མེད་ལྷན་ཚོགས་ཀྱིས་རྒྱ་གར་དཔོན་རིགས་ཚོས་རྒྱབ་སྐྱོར་དགོས་པར་དོན་ཚན་༤ བཏོན་པ་དང་། ༡༽  ང་ཚོས་རྒྱ་གར་གཞུང་ལ་རྒྱ་ནག་གི་འགོ་ཁྲིད་ཚོར་དབུ་མའི་ལམ་གྱི་སྲིད་བྱུས་བརྒྱུད་བོད་རྒྱའི་དཀའ་རྙོག་ཞི་བའི་ངང་སེལ་ཐབས་སུ་༸སྤྱི་ནོར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུ་ཚབ་ལྷན་དུ་གྲོས་མོལ་བསྐྱར་གསོ་གནང་རྒྱུར་སྐུལ་མ་ཞུ་རྒྱུའི་འབོད་སྐུལ་ཞུ།

༢༽ ང་ཚོས་རྒྱ་གར་གཞུང་དང་རྒྱ་གར་གྱི་དབུ་ཁྲིད་ཚོར་རྒྱལ་སྤྱིའི་ཞུ་འབོད་བཞིན་ལོ་ངོ་༢༣ རིང་གར་སོང་ཆ་མེད་དུ་གྱུར་བའི་༸པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་གང་མགྱོགས་གློད་གྲོལ་ཡོང་རྒྱུར་རྒྱབ་སྐྱོར་གནང་རྒྱུའི་འབོད་སྐུལ་ཞུ།

༣༽ འཛམ་གླིང་གི་སྣེ་མོ་གསུམ་པ་དང་ཨེ་ཤི་ཡའི་ཆུ་མཛོད། དེ་བཞིན་རྒྱ་གར་དང་རྒྱ་ནག་སོགས་ཨེ་ཤི་ཡའི་ཡུལ་གྲུ་ཁག་གི་ནང་དེའི་ཤུགས་རྐྱེན་ལ་གཞིགས་ཏེ་བོད་ཀྱི་ཁོར་ཡུག་ནི་གལ་གནད་རང་བཞིན་གྱི་གནད་དོན་ཞིག་ཆགས་ཀྱི་ཡོད་ན། ང་ཚོས་རྒྱ་གར་གཞུང་ལ་རྒྱ་ནག་གི་འགོ་ཁྲིད་དང་ལྷན་དུ་རྒྱ་ནག་གིས་ལག་བསྟར་བྱེད་བཞིན་པའི་གནོད་འཚེ་ཅན་གྱི་འཛུགས་སྐྲུན་གྱི་ལས་གཞི་ཁག་གིས་བོད་ཀྱི་ཆག་ཉེན་ཅན་གྱི་ཁོར་ཡུག་ལ་ད་དུང་ཉམས་ཆགས་འགྲོ་རྒྱུའི་རྒྱུ་རྐྱེན་བྱེད་ཀྱི་ཡོད་པའི་སྐོར་རྒྱ་ནག་གཞུང་ལ་ར་སྤྲོད་གནང་རྒྱུའི་འབོད་སྐུལ་ཞུ།

༤༽ རྒྱ་གར་གྱིས་ཆོས་ལུགས་མཐུན་སྒྲིལ་དར་སྤེལ་གྱི་བྱེད་སྒོ་དང་ནང་ཆོས་ཀྱི་འབྱུང་གནས་ཡིན་པའི་དངོས་ཡོད་ཀྱི་གནད་དོན་ལ་གཞིར་བཞག་ནས་ང་ཚོས་རྒྱ་གར་གཞུང་ལ་བོད་ནང་ཆོས་ལུགས་དམ་དྲག་དང་གཞིས་ལུས་བོད་མིའི་ཆོས་དད་རང་དབང་སྲུང་སྐྱོབ་ཡོང་སླད་གནད་དོན་དེ་འབྲེལ་གླེང་སློང་གནང་རྒྱུའི་འབོད་སྐུལ་ཞུ།

ད་ལྟ་བུད་མེད་ལྷན་ཚོགས་ཀྱི་དབུས་རྒྱུན་ལས་རྣམས་ཀྱིས་ལྡི་ལི་ནས་འགོ་བཙུགས་ཏེ། ཞུ་འབོད་ཀྱི་ལས་འགུལ་དེ་སྤེལ་བཞིན་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།