རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པས་རྒྱ་གར་གཞུང་ལ་བོད་དོན་གླེང་དགོས་པའི་རེ་སྐུལ།
ཕྱི་ལོ་༢༠༢༦ ཟླ་༣ ཚེས་༡༣ ཉིན། དྷ་རམ་སར་ཡོད་པའི་བོད་ཀྱི་ཟློས་གར་ཚོགས་པའི་ཚོགས་ཁང་དུ། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་ཆེན་ཐེངས་བརྒྱད་པའི་ཚོགས་བཅར་བ་རྣམས་ཀྱིས་གཏན་འབེབས་གནང་བའི་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་སོང་།

བསྒྲགས་གཏམ་གྱི་ནང་དུ། ཚོགས་ཆེན་ཐེངས་བརྒྱད་པས། ཕྱི་ལོ་༡༩༥༠ ལོར་དམ་པ་སར་དཱར་པ་ཊེལ་ (Sardar Patel) མཆོག་དང་། ཕྱི་ལོ་༡༩༥༤ ལོར་ཨེམ་བྷེདྷ་ཀར་(Dr. B.R. Ambedkar)མཆོག དེ་བཞིན་ཕྱི་ལོ་༡༩༥༩ ལོར་སྐུ་ཞབས་ཇཻ་པྲ་ཀཱཤ་ནཱ་རཱ་ཡན་མཆོག་གི་དབུ་ཁྲིད་འོག་རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཚོགས་པ་ལ་བརྟེན་ནས་རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་གནང་བའི་ལོ་རྒྱུས་ཁག་བསྐྱར་དྲན་དང་སྦྲགས། རྒྱ་གར་དང་བོད་ཀྱི་བར་དུ་ཡོད་པའི་ཤེས་རིག་དང་ཆོས་ཕྱོགས། རིག་གཞུང་བཅས་ཀྱི་འབྲེལ་བ་རྣམས་བསྐྱར་ནན་གནང་།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་བོད་ས་མུ་མཐུད་བཙན་བཟུང་བྱས་པ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཆོས་དང་རིག་གཞུང་།སྐད་ཡིག དེ་བཞིན་ཉེན་ཁ་ཅན་གྱི་ཁོར་ཡུག་བཅས་ལ་གནོད་འཚེ་གཏོང་བཞིན་པའི་སྲིད་བྱུས་ཁག་ལ་ཐུགས་འཚབ།
བོད་ནང་གི་ཆོས་དད་རང་དབང་ལ་དམ་དྲག་དང་། མི་མང་ལ་སོ་ལྟ་ནན་པོ། མི་སེར་སྤེལ་ཡུལ་གྱི་གཏན་སྡོད་སློབ་གྲྭར་རྒྱ་བསྐྱེད་བཅུག་སྟེ་བོད་མིའི་ངོ་བོ་རྩ་མེད་བཟོ་ཐབས་བྱེད་བཞིན་པ་སོགས་འགྲོ་བ་མིའི་ཐོབ་ཐང་ལ་རྡོག་རོལ་གཏོང་བཞིན་པའི་བྱ་བ་རྣམས་ལ་སྐྱོན་བརྗོད།
བོད་མིའི་སྒྲིག་འཛུགས་ནི་བོད་མི་རྣམས་ཀྱི་ཁྲིམས་མཐུན་གྱི་སྐུ་ཚབ་ཀྱི་སྒྲིག་འཛུགས་ཤིག་ལ་ངོས་འཛིན་དགོས་པའི་རེ་འདུན་བཏོན་པ་དང་། ལྷག་པར་དུ་བོད་རྒྱའི་དཀའ་རྙོག་ཞི་བའི་སྒོ་ནས་སེལ་ཆེད། ༧གོང་ས་མཆོག་གམ་བཙན་བྱོལ་བོད་མིའི་སྒྲིག་འཛུགས་ཀྱི་སྐུ་ཚབ་དང་། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བར་གྲོས་མོལ་བསྐྱར་གསོ་དགོས་པའི་འབོད་སྐུལ་དང་། རྒྱ་གར་གཞུང་གིས་རྒྱལ་སྤྱིའི་སྟེང་གྲོས་མོལ་བསྐྱར་གསོའི་སླད་བོད་དོན་གླེང་སློང་གནང་དགོས་པའི་རེ་བསྐུལ།
འཛམ་གླིང་ཞི་བདེ་དང་། བྱམས་བརྩེ། འཚེ་བ་མེད་པ། ཁོར་ཡུག་སྲུང་སྐྱོབ། དེ་བཞིན་དཔལ་ནཱ་ལེནྡྲའི་ཆོས་བརྒྱུད་བསྐྱར་གསོ་གནང་བ་སོགས་༸གོང་ས་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་གི་མི་ཚེ་གང་པོའི་མཛད་རྗེས་ལ་ཚོགས་ཆེན་གྱིས་བསྔགས་བརྗོད།
༸གོང་ས་སྐུ་ཕྲེང་༡༤ པ་ཆེན་པོ་མཆོག་གི་ཡང་སྲིད་ཀྱི་ཐོབ་ཐང་ལ་རྒྱ་ནག་གིས་ཐེ་བྱུས་བྱེད་པར་ཚོགས་ཆེན་གྱིས་ངོས་ལེན་མེད་པ་དང་། དགའ་ལྡན་ཕོ་བྲང་གིདགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩ་ལ་ལོ་ངོ་བརྒྱ་ཕྲག་མང་པོའི་རིང་གི་ཡང་སྲིད་ངོས་འཛིན་གྱི་ལམ་སྲོལ་ཡོད་པ་དེ་རང་གནས་དགོས་པའི་རྒྱབ་སྐྱོར་ཞུས་པ།
ད་ལོ་ནི་༸གོང་ས་མཆོག་དགུང་གྲངས་༩༠ ལ་ཕེབས་པའི་བྱམས་བརྩེའི་ལོ་དང་བསྟུན། ༸གོང་ས་མཆོག་ལ་གྷི་ར་མི་གཟེངས་རྟགས་ཐོབ་པར་ཚོགས་ཆེན་གྱིས་འཚམས་འདྲི་ཞུསཔ་དང་། དེ་བཞིན། རྒྱ་གར་རྒྱལ་ཡོངས་སུ་བོད་དོན་རྒྱབ་སྐྱོར་ཚོགས་པ་ཁག་སྔར་བས་ནུས་པ་ཆེ་རུ་གཏོང་བ་དང་། ཤེས་ཡོན་གྱི་ལས་རིམ་དང་སྤྱི་ཚོགས་དྲ་ལམ། རིག་གཞུང་དང་ཁོར་ཡུག་གི་ལས་གཞི་སྤེལ་བ་བརྒྱུད་བོད་དོན་གོ་རྟོགས་སྤེལ་རྒྱུ་དང་། ལྷག་པར་དུ་གཞོན་སྐྱེས་དང་། བུད་མེད་སོགས་མཉམ་ཞུགས་གནང་རྒྱུར་སྐུལ་མ་གཏོང་རྒྱུ་ཡིན་ཞེས་འཁོད་འདུག
རྩ་བས་ཚོགས་ཆེན་འདི་ནི། རྒྱ་གར་རྒྱལ་ཡོངས་བོད་དོན་རྒྱབ་སྐྱོར་ཚོགས་པ་སྡེ་ཚན་ནང་མ་དང་། འཕགས་བོད་འབྲེལ་མཐུད་ལས་ཁུངས་གཉིས་ཀྱིས་གོ་སྒྲིག་གནང་བ་ཞིག་ཡིན་ཞིང་། ཐེངས་འདིའི་ཚོགས་ཆེན་ཐོག་ཏུ་རྒྱ་གར་ས་ཁུལ་འདྲ་མིན་གྱི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི་བཅས་ཁྱོན་ཚོགས་བཅར་བ་༢༣༠ ཙམ་ཚང་མཉམ་ཞུགས་གནང་འདུག
གསར་འགོད་པ། བློ་བཟང་རྒྱ་མཚོ།
