རྒྱ་ནག་གི་བོད་མིར་དམ་དྲག་བྱས་པའི་ལྷ་སའི་ཟུར་སྣེ་ཞིག་གི་བརྙན།

འདི་ལོའི་ཕྱི་ཟླ་༧ ཚེས་༡ ཉིན་རྒྱ་ནག་གི་དམར་ཤོག་ཚོགས་པ་འགོ་བཙུགས་ནས་ལོ་༡༠༠ འཁོར་བར། རྒྱ་ནག་གཞུང་གིས་དུས་དྲན་མཛད་སྒོ་འདྲ་མིན་ཞིག་སྤེལ་འགོ་བཙུགས་འདུག་ལ། རྒྱ་ནག་གིས་བཙན་བཟུང་བྱས་པའི་བོད་དང་ཡུ་གུར། ལྷོ་སོག་པོ་བཅས་ཀྱི་ས་གནས་ཁག་ཏུ་དམ་དྲག་སྔར་ལྷག་དང་གཞུང་འབྲེལ་གྱི་དུས་དྲན་དྲིལ་བསྒྲགས་ཤུགས་ཆེན་བྱེད་ཀྱི་ཡོད་པ་མ་ཟད། ཧོང་ཀོང་གཙོས་རྒྱ་ནག་མང་གཙོ་དོན་གཉེར་བར་ཡང་དམ་དྲག་ཆེན་པོ་བྱེད་ཀྱི་ཡོད་པ་རེད།

བོད་ཕྱི་ནང་གཉིས་སུ་སྤྱི་ཚོགས་དྲ་ལམ་བརྒྱུད་འབྲེལ་གཏུག་བྱེད་མཁན་ཚོར་ཡང་རྒྱ་ནག་གཞུང་གིས་དམ་དྲག་སྔར་ལྷག་བྱས་ཡོད་པའི་སྐབས་ཏེ། ཕྱི་ཟླ་༦ ཚེས་༢༩ ཉིན་བོད་ཀྱི་རྒྱལ་ས་ལྷ་སར་རྒྱ་ནག་གི་དམ་དྲག་གི་རྣམ་པ་དང་། གཞུང་འབྲེལ་དྲིལ་བསྒྲགས་འོག་བོད་མིར་དཀའ་ངལ་ཡོད་པའི་བརྙན་ཐུང་གཉིས་ཕྱིར་གྱར་བའི་ནང་། བུད་མེད་ཅིག་གིས་ཡུལ་དངོས་བརྙན་ལེན་བཞིན་བརྗོད་དོན། “གཟིགས་དང་། ཕོ་བྲང་ངོས་ལ་ཡང་འདི་འདྲ་བཟོས་འདུག(ཀྲུང་གོ་གུང་ཁྲན་ཏང་གསར་འཛུགས་བྱས་ནས་ལོ་བརྒྱ་ལོན་པར་སྤྲོ་སེམས་འཁོར་བའི་ངང་ནས་དགའ་བསུ་ཞུ།ཞེས་གློག་གི་ཚོན་ཁྲ་བཏང་བའི་རྒྱ་ཡིག་ཆེན་པོ་ཞིག་བྲིས་ཡོད་པ་རེད།)ཁོང་ཚོས་བསམ་བློ་ག་འདྲ་བཏང་བ་ཡིན་ན། རྒྱ་ནག་ལ་བསླེབས་པ་དང་གཅིག་པ་རེད་འདུག རྒྱ་གོག སྦད་དེ་རྒྱ་མི་རེད་འདུག་”ཅེས་དང་། བརྙན་ཐུང་གཉིས་པའི་ནང་། “གཟིགས་དང་། ང་ཚོ་ཞོལ་ཐང་ནས་འདིར་ཡོང་བ་ཡིན། སྦད་དེ་རྒྱ་མི་རེད་འདུག ང་ཚོ་ཞབས་སྐོར་ནང་དུ་ཡང་རྐང་གཅིག་ཚུད་ཆོག་གི་མི་འདུག རྒྱ་ནག་ནང་དུ་བསླེབས་པ་དང་གཅིག་པ་རེད་”ཅེས་ངུ་ངག་འདོན་བཞིན་བརྗོད་འདུག་ལ། ས་གནས་ཀྱི་སྐོར་ལམ་ནང་དུ་མི་ཧ་ཅང་མང་པོ་འཛོམས་ཡོད་པ་བརྙན་ནང་མཐོང་ཐུབ།

བཙན་བྱོལ་བོད་མི་གནས་སྡོད་བྱེད་སའི་ས་གནས་མང་པོར་བོད་ཀྱི་གཞུང་འབྲེལ་མ་ཡིན་པའི་ཚོགས་པ་དང་བོད་མི་སྒེར་བ། བོད་དོན་རྒྱབ་སྐྱོར་བ་སོགས་ཀྱིས་རྒྱ་ནག་གིས་བོད་དབང་བསྒྱུར་ལ་ངོ་རྒོལ་ཁྲོམ་སྐོར་དང་། བོད་རང་བཙན་དགོས་པའི་ཡིག་ཆ་འདྲ་མིན་སྦྱར་འགྲེམས་བྱེད་ཀྱི་ཡོད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།