རྒྱ་ནག་གིས་ཉིན་མང་པོར་ཁུ་སིམ་མེར་བསྡད་རྗེས་སྐུ་ཞབས་བྷའེ་ཌན་ལ་རྟེན་འབྲེལ་ཞུས་འདུག
རྒྱ་ནག་གིས་དེ་རིང་གཞི་ནས་བྷའེ་ཌན་དང་ཀ་མ་ལ་ཧེ་རེ་སི་གཉིས་ཨ་རིའི་སྲིད་འཛིན་འོས་བསྡུའི་ཁྲོད་རྒྱལ་ཁ་ཐོབ་པར་རྟེན་འབྲེལ་ཞུས་འདུག
རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ཝང-ཝན་བྷིན་(Wang Wenbin)གྱིས་དེ་རིང་རེས་གཟའ་པ་སངས་ཉིན་“ང་ཚོས་ཨ་རིའི་མི་མང་གི་གདམ་ག་ལ་གུས་བརྩི་ཞུ་ཡི་ཡོད། ང་ཚོས་སྐུ་ཞབས་རྗོ་བྷའེ་ཌན་དང་ལྕམ་ཀ་མ་ལ་ཧེ་རེ་སི་གཉིས་ལ་བཀྲ་ཤིས་བདེ་ལེགས་ཞུ་”ཞེེས་གཞུང་འབྲེལ་གྱི་ཐོག་ནས་གསར་དུ་འདེམས་ཐོན་བྱུང་བའི་ཨ་རིའི་སྲིད་འཛིན་དང་སྲིད་འཛིན་གཞོན་པར་བཀྲ་ཤིས་བདེ་ལེགས་ཞུས་འདུག
སྲིད་འཛིན་ཊོམ་གྱིས་ད་དུང་ཡང་བདུན་ཕྲག་གོང་མའི་འོས་བསྡུ་དེ་དྲང་བདེན་དང་ཁྲིམས་མཐུན་ཞིག་བྱུང་མེད་ཚུལ་བཤད་དེ་འོས་བསྡུའི་གྲུབ་འབྲས་ལ་ངོས་ལེན་བྱས་མེད་སྟབས། གལ་གནད་ཆེ་བའི་མངའ་སྡེ་མང་པོ་ཞིག་གི་ནང་དུ་ཁྲིམས་གཏུག་དང་འོས་གྲངས་བསྐྱར་བཤེར་བྱེད་བཞིན་པའི་སྒང་ཡིན།
རྒྱ་ནག་གིས་གཞུང་འབྲེལ་འཚམས་འདྲི་དེ་ནི། དེ་རིང་གསར་ཁང་བརྒྱུད་ལམ་མང་པོ་ཞིག་གིས་གལ་གནད་ཆེ་བའི་མངའ་སྡེ་ཨ་རཱ་ཛོ་ན་(Arizona) ཡི་འོས་གྲངས་བསྐྱར་བཤེར་བྱས་པའི་མཇུག་འབྲས་སུ་སྲིད་འཛིན་ཊོམ་སྔར་ལྟར་ཕམ་རྒྱུ་ཡིན་པའི་སྔོན་དཔག་བྱས་པའི་རྗེས་སུ་ཡོང་བ་ཞིག་ཆགས་འདུག
ཡིན་ན་ཡང་། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་ད་དུང་ཡང་སྐུ་ཞབས་བྷའེ་ཌན་དང་ཀ་མ་ལ་ཧེ་རེ་སི་གཉིས་ལ་རྟེན་འབྲེལ་གྱི་འཚམས་འདྲི་མ་ཞུས་པར་ཁུ་སིམ་མེར་བསྡད་འདུག །
གསར་འགོད་པ་དཀོན་མཆོག་རབ་བརྟན།
