རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་ཆེ་རུ་གཏོང་བཞིན་པའི་སྐབས་འདིར།  ཨ་རི་འགྱུར་བ་མེད་པར་ཐའེ་ཝན་གྱི་རྒྱབ་ཏུ་ལང་རྒྱུ་ཟེར།

ཐའེ་ཝན་གྱི་ཧོང་ཀོང་སྐུ་ཚབ་དོན་གཅོད་ཚོས་རྒྱ་ནག་གཅིག་གི་རྩ་དོན་ཁས་ལེན་བྱེད་པའི་ཡིག་ཆར་མཚན་རྟགས་མ་བཀོད་པར་བརྟེན་ནས་ཧོང་ཀོང་ནས་ཕྱིར་འཕུད་བཏང་བའི་རྗེས། ཨ་རིའི་ཕྱི་སྲིད་ལས་ཁུངས་ཀྱིས་ཨ་རི་འགྱུར་བ་མེད་པའི་ཐོག་ནས་ཐའེ་ཝན་གྱི་རྒྱབ་ཏུ་ལང་རྒྱུ་ཡིན་ཞེས་བརྗོད་འདུག 

ཕྱི་ཟླ་ ༦ པའི་ཨ་རིའི་ཚེས་ ༢༡ ཉིན་ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་གསར་འགོད་གསལ་བསྒྲགས་ཤིག་སྤེལ་བའི་ནང་། ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་ནཱ་ཌི-ཕ་ར་སི་(Ned Price) ཡིས་ཐའེ་ཝན་ནི་དར་རྒྱས་སུ་འགྲོ་བཞིན་པའི་མང་གཙོའི་རྒྱལ་ཁབ་ཅིག་ཡིན་པ་མ་ཟད། ཨ་རིའི་དཔལ་འབྱོར་དང་བདེ་འཇགས་ཀྱི་གྲོགས་པོ་གལ་ཆེན་ཞིག་ཡིན་སྟབས། བྷ་ཌན་སྲིད་གཞུང་གིས་འགྱུར་བ་མེད་པའི་ཐོག་ནས་ཐའེ་ཝན་དང་འབྲེལ་ལམ་ཟབ་ཏུ་གཏོང་གི་ཡིན་ཞེས་བརྗོད་འདུག

གཞན་ཡང་། ཁོང་གིས་པེ་ཅིང་སྲིད་གཞུང་གིས་མུ་མཐུད་ཐའེ་ཝན་གྱི་མི་མང་ལ་འཇིགས་སྐུལ་དང་གནོན་ཤུགས་སྤྲོད་བཞིན་ཡོད་པས། དེ་འདྲའི་འཇིགས་སྐུལ་གནོན་ཤུགས་འོག་ཏུ་ཨ་རི་ཐའེ་ཝན་གྱི་རྒྱབ་ཏུ་ལང་རྒྱུ་ཡིན་ཞེས་བརྗོད་པ་མ་ཟད། རྒྱ་ནག་གིས་ཧོང་ཀོང་གི་སྨྲ་བརྗོད་རང་དབང་རྡོག་རོལ་གཏོང་བཞིན་ཡོད་པས། ཧོང་ཀོང་གི་མི་མང་ཚོའི་འཐབ་རྩོད་ལའང་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཚུལ་བཤད་ཡོད་འདུག

ཉེ་བའི་ལོ་ཤས་ནང་། རྒྱ་ནག་གིས་ཐའེ་ཝན་ལ་བཙན་འཛུལ་བྱེད་རྒྱུ་ཡིན་པའི་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་ཡོད་དེ། ཟླ་འདིའི་ཚེས་ ༡༥ ཉིན་རྒྱ་ནག་གིས་དམག་གི་གནམ་གྲུ་ ༢༨ ཐའེ་ཝན་གྱི་མཁའ་དབྱིངས་སུ་བཏང་ནས་བཙན་ཤུགས་ངོམ་ཡོད། ཡིན་ན་ཡང་། བདུན་ཕྲག་གཅིག་གི་རྗེས་ཏེ་ཁ་སང་རེས་གཟའ་མིག་དམར་ཉིན་ཨ་རིའི་དམག་གྲུ་ཞིག་ཐའེ་ཝན་གྱི་མཚོ་འགག་(Taiwan Strait) ཏུ་བསྐྱོད་དེ་མཐའ་གཅིག་ཏུ་ཐའེ་ཝན་སྲུང་སྐྱོབ་ཡིན་པའི་རྣམ་འགྱུར་བསྟན་ཡོད། །

གསར་འགོད་པ་དཀོན་མཆོག་རབ་བརྟན།