རྒྱ་ནག་གིས་ཨ་རིའི་བརྙན་འཕྲིན་ལེ་ཚན་གཙོ་སྐྱོང་བ་ཞིག་དྲ་ཐོག་ཏུ་ཞིབ་གཤེར་དོ་དམ་བྱས་འདུག
ཨ་རིའི་བརྙན་འཕྲིན་ཐོག་ཏུ་ཟུར་ཟ་དང་དགོད་གཏམ་བཤད་མཁན་ཞིག་གིས། བརྙན་འཕྲིན་གྱི་ལེ་ཚན་གསར་ཤོས་ནང་དུ་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་དབང་ཆ་གཅིག་སྡུད་ཀྱི་ལས་དོན་བྱེད་ཕྱོགས་ལ་དགོད་གཏམ་བསླངས་པ་དང་ཟུར་ཟ་བྱས་རྐྱེན། རྒྱ་ནག་ནང་གི་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་ཁོང་གི་ལེ་ཚན་ལ་ཞིབ་བཤེར་དོ་དམ་བྱས་འདུག
ཟླ་༦ པའི་ཚེས་༢༢ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་བརྙན་འཕྲིན་ཐོག་ཏུ་དགོད་གཏམ་བཤད་མཁན་དང་ཟུར་ཟ་བྱེད་མཁན་དབྱིན་ཡུལ་གྱི་མི་སེར་ཡིན་པ་ཇོན་ཨོ་ལི་ཝེར་གྱིས། ལེ་ཚན་གསར་ཤོས་ཐོག་ཏུ། རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གིས་དབང་ཆ་གཅིག་སྡུད་དང་། དབང་ཤུགས་རྒྱ་བསྐྱེད། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དང་དཔལ་འབྱོར་གྱི་གནས་སྟངས། ཡུ་གུར་མི་རིགས་ལ་ཞིབ་བཤེར་དོད་དམ་བཙན་པོ། དེ་བཞིན་ལུའུ་ཞའོ་པའོ་དང་ཁོང་གི་སྐྱེས་དམན་གྱི་སྐོར་ལ་བཤད་ནས། ཞི་ཅིན་ཕིང་ལ་སྐར་མ་༢༠ ཡི་རིང་ཟུར་ཟ་བྱས་ཡོད་པ་རེད་འདུག
དེའི་རྗེས་སུ་རྒྱ་ནག་ནང་གི་སྤྱི་ཚོགས་དྲ་རྒྱ་ཁག་ཏུ་ཁོང་གི་ལེ་ཚན་གསར་ཤོས་ཀྱི་བརྙན་ཐུང་དེ་མེད་པ་བཟོས་ཡོད་འདུག་པ་དང་། ཁོང་གི་མིང་བེད་སྤྱད་ནས་དྲ་ཐོག་ཏུ་གནས་ཚུལ་བཀོད་ཐབས་བྱེད་སྐབས། རྒྱ་ནག་གི་དྲ་རྒྱའི་ཁྲིམས་སྒྲིག་དང་འགལ་གྱི་ཡོད་པའི་བརྡ་ལན་འབྱོར་གྱི་ཡོད་འདུག།ཁོང་གི་མིང་བེད་སྤྱད་ནས་འཚོལ་ཞིབ་བྱེད་སྐབས་གནས་ཚུལ་ཁག་ཅིག་རྙེད་ཀྱི་ཡོད་ཀྱང་། ཁོང་གི་ལེ་ཚན་གསར་ཤོས་དེ་མེད་པ་མ་ཟད། རྒྱ་ཡིག་ཐོག་ནས་ཁོང་གི་བརྙན་འཕྲིན་ལེ་ཚན་དེ་འཚོལ་ཞིབ་བྱེད་དུས། དྲ་ཐོག་ཏུ་གང་ཡང་རྙེད་རྒྱུ་མེད་པ་བཟོས་ཡོད་འདུག
རྒྱ་ནག་གི་མི་ས་ཡང་མང་པོ་བཀོད་སྒྲིག་བྱས་ཏེ། དྲ་རྒྱ་སྟངས་འཛིན་དང་ཞིབ་བཤེར་བྱེད་ཀྱི་ཡོད་པ་དང་། ཆབ་སྲིད་ཀྱི་ཚོར་བ་རྣོན་པོ་ཡོད་པའི་གནས་ཚུལ་རྣམས་རྒྱུན་གཏན་ནས་ནག་གསུབ་གཏོང་གི་ཡོད་པ་རེད།།
གསར་འགོད་པ་སྐལ་བཟང་དོན་གྲུབ།
བརྙན་གྱི་དྲ་ཐག