རྒྱ་ནག་གིས་མིས་བཟོས་རིག་ནུས་བརྒྱུད་ཞི་ཅིན་ཕིང་གི་བསམ་བློ་ཁྱབ་སྤེལ།
ད་ཆར་མིས་བཟོས་རིག་ནུས་སམ་(AI)འཕྲུལ་རིགས་ལ་བརྟེན་ནས་གནས་ཚུལ་དང་པར་རིས། ཤེས་རིག་ཁྱབ་སྤེལ་རྒྱ་ཆེན་བྱེད་ཀྱི་ཡོད་པ་བཞིན། རྒྱ་ནག་ནང་མིས་བཟོས་རིག་ནུས་ལ་བརྟེན་ནས་སྲིད་འཛིན་ཞི་ཅིན་ཕིང་གི་བསམ་བློ་ཁྱབ་སྤེལ་དང་། མི་མང་ཁྲོད་སློབ་སྦྱོང་བྱེད་འཇུག་གི་ཡོད་འདུག

ཕྱི་ཚེས་༢༦ ཉིན་(Taipeitimes)གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་ནང་ཐོན་གསར་ཤོས་ཀྱི་མིས་བཟོས་རིག་ནུས་ནང་རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་གི་བསམ་བློ་ཁྱབ་སྤེལ་གཏོང་ཆེད་དུ་ངེས་པར་དུ་མིས་བཟོས་རིག་ནུས་ནང་བླུག་འཇུག་གི་ཡོད་འདུག རྒྱ་ནག་གི་(cyberspace academy)དྲྭ་རྒྱའི་བསླབ་གཞི་ཚོགས་པས་བདུན་ཕྲག་འདིའི་ནང་གསལ་བསྒྲགས་བྱས་དོན་ལ། (The chatbot)ཟེར་བ་རྒྱ་ནག་གི་འཕྲུལ་རིགས་ཀྱི་ཡི་གེ་འབྲི་ཆས་དེའི་ནང་མ་ལག་བདུན་ཡོད་འདུག་པ་དང་། མ་ལག་དྲུག་དེ་རྒྱ་ནག་གི་ནང་སྲིད་ཀྱི་གནད་དོན་དང་དེ་དག་གི་སྐོར་གྱི་གནས་ཚུལ་ལྟ་ཞིབ་བྱེད་མཁན་ཡིན་འདུག་ལ། མ་ལག་བདུན་པ་དེའི་ནང་ཞི་ཅིན་ཕིང་གི་བསམ་བློ་ཁྱབ་སྤེལ་བྱེད་མཁན་སྦྱོང་བརྡར་སྤྲད་ཡོད་པ་རྒྱ་ནག་གི་སྐད་འཕྲིན་ནང་ཁྱབ་བསྒྲགས་བྱས་ཡོད་འདུག འཕྲུལ་རིགས་ཀྱི་ཡི་གེ་འབྲི་ཆས་དེའི་ནང་སྐད་རིགས་མང་པོའི་བརྒྱུད་ནས་ཞི་ཅིན་ཕིང་གི་བསམ་བློ་དང་ཐབས་བྱུས་སྐོར་ཁྱབ་སྤེལ་བྱེད་ཆེད་གཞུང་གིས་ཤུགས་གནོན་རྒྱག་གི་ཡོད་འདུག དེ་བཞིན་སློབ་གྲྭའི་སློབ་ཕྲུག་ཚོས་ཞི་ཅིན་ཕིང་གི་བསམ་བློ་དང་ཐབས་བྱུས་སྐོར་ངེས་པར་དུ་སློབ་སྦྱོང་བྱེད་དགོས་ཀྱི་ཡོད་འདུག་ལ། དེ་བཞིན་ཕྱི་ལོ་༢༠༡༩ ནང་རྒྱ་ནག་གཞུང་གིས་མཉེན་ཆས་ཤིག་ཀྱང་བཟོས་ཡོད་འདུག་པས། མཉེན་ཆས་དེའི་མིང་ལ་(Study Xi Strong Nation)ཞེས་བཏགས་ཡོད་འདུག་ཅིང་། མཉེན་ཆས་དེའི་ནང་རྩེད་མོའི་ལམ་ནས་ཞི་ཅིན་ཕིང་གི་བསམ་བློའི་སྐོར་སྦྱོང་འཇུག་གི་ཡོད་འདུག ཞི་ཅིན་ཕིང་གི་བསམ་བློ་ཟེར་བ་ནི་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་རྗོད་ཀྱི་ཡོད་འདུག་ལ། རྒྱ་ནག་གི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཞེས་པ་དེའི་ནང་ལྟ་གྲུབ་གཙོ་བོ་༡༤ ཡོད་འདུག་པ་དང་། དེ་ཡང་གཙོ་བོ་རྒྱ་ནག་དམར་ཤོག་ཚོགས་པ་ལ་རྒྱ་ནག་ནང་གི་དབང་ཆ་ཆ་ཚང་ཡོད་པ། རྒྱལ་ཁབ་ཀྱི་བདེ་འཇགས་སྲུང་སྐྱོབ་ཀྱི་ནུས་པ་གོང་མཐོར་གཏོང་རྒྱུ། དེ་བཞིན་སྤྱི་ཚོགས་རིང་ལུགས་ཀྱི་ཁྱད་ཆོས་ལ་གུས་བཀུར་ཞུ་རྒྱུ། མི་མང་གི་འཚོ་བ་གོང་མཐོར་གཏོང་རྒྱུ་བཅས་འཁོད་ཡོད་འདུག རྒྱ་ནག་གི་ཕྱི་ཕྱོགས་སུ་ཡོད་པའི་དྲྭ་རྒྱའི་བདེ་འཇགས་སྐོར་གྱི་ཉམས་ཞིབ་པ་ཚོས་རྒྱ་ནག་གི་མིས་བཟོས་རིག་ནུས་ཀྱི་ཡི་གེ་འབྲི་ཆེད་ཀྱི་མཉེན་ཆས་དེ། རྒྱ་ནག་གི་དྲྭ་རྒྱའི་བདེ་འཇགས་ལྷན་ཁང་ནས་བཟོས་པའི་རྒྱ་ནག་ནང་དུ་བེད་སྤྱོད་བྱེད་ཆེད་ཡིན་པར་བརྗོད་འདུག མཉེན་ཆས་དེ་བེད་སྤྱོད་བྱེད་མཁན་ཚོས་རང་རང་གི་རིག་པ་ལ་བརྟེན་ནས་དྲི་བ་ལན་འདེབས་བྱེད་ཆོག་གི་ཡོད་འདུག་པ་དང་། ད་ལྟའི་ཆར་འཛམ་གླིང་ནང་ཨ་རི་དང་རྒྱ་ནག་གཉིས་བར་མིས་བཟོས་རིག་ནུས་ཐད་འགྲན་སྡུར་ཆེན་པོ་འབྱུང་བཞིན་ཡོད་འདུག ཨ་རིའི་(San Francisco)གྲོང་ཁྱེར་ནང་རྟེན་གཞི་བྱས་པའི་མིས་བཟོས་རིག་ནུས་ཀྱི་མཉེན་ཆས་(ChatGPT)ཟེར་བ་ཡིག་རིགས་འབྲི་ཆས་བཟོ་མཁན་ཚོང་གཉེར་ཁང་དེ་ད་ཆར་འཛམ་གླིང་ནང་དར་རྒྱས་ཆེན་པོ་ཡིན་པར་བརྟེན། རྒྱ་ནག་གིས་དེ་ལ་ཁ་གཏད་གཅོག་ཐབས་བྱེད་ཀྱི་ཡོད་འདུག འོན་ཀྱང་། རྒྱ་ནག་གི་མིས་བཟོས་རིག་ནུས་ནང་ཆབ་སྲིད་དང་འབྲེལ་བའི་གནད་དོན་དང་དྲི་བ་སོགས་ཀྱི་གནད་དོན་མང་པོའི་སྐོར་ལ་བཀག་སྡོམ་བྱེད་ཀྱི་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།