<རྒྱ་ནག་གུང་ཁྲན་གྱིས་ཡང་སྲིད་སྐོར་ལ་ཇུས་ངན་འཆར་འགོད།>

                                    རྩོམ་པ་པོ། སྲིད་ཟུར་བློ་བཟང་སེང་གེ།

                                       ཡིག་སྒྱུར་བ། འཇམ་བཟོད།

                                         དུས་དེབ། ཕྱི་སྲིད་དུས་དེབ།

༼བོད་དབང་སྒྱུར་གྱི་ཆེད་དུ་གུང་ཁྲན་གྱིས་ཆོས་ལུགས་ལ་ཡ་ཡུད་ཀྱི་ཐེ་གཏོགས།༽

ཕྱི་ལོ་ ༡༩༥༤ ལོར་དགུང་གྲངས་བཅུ་དགུ་ལས་ཕེབས་མེད་པའི་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་བསྟན་འཛིན་རྒྱ་མཚོ་མཆོག་ལ། རྒྱ་ནག་གི་གཙོ་གནད་ཆེ་ཤོས་ཀྱི་འགོ་ཁྲིད་མའོ་ཙེ་ཏུང་གིས་གཏུམ་ཤུགས་ཆེན་པོས། “ཆོས་ལུགས་ནི་དུག་རེད་” ཅེས་དགུང་ན་གཞོན་པའི་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་བརྗོད། དེ་ནས་ལོ་ལྔའི་རྗེས་སུ་རྒྱ་ནག་གཞུང་གིས་བོད་དུ་དཔུང་འཇུག་གིས་བོད་རྒྱལ་ཁབ་དབང་སྒྱུར་བྱས་པས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་གཙོས་བོད་མི་ཕོན་ཆེན་བཙན་བྱོལ་དུ་གྱར། རྒྱ་ནག་གུང་ཁྲན་ལྷ་མེད་སྨྲ་བའི་ལྟ་གྲུབ་འཛིན་མཁན་དེས། བོད་ཀྱི་གྲྭ་བཙུན་གཉིས་ཀྱི་དགོན་སྡེ་ཁག་དང་། སྒྱུ་རྩལ་དངོས་རིགས། ལོ་རྒྱུས་ལྡན་པའི་བསྟི་གནས་ཁག་བཅས་ལ་གཏོར་བཤིག་དང་། བོད་རྒྱུད་ནང་བསྟན་ཉམས་ལེན་གནང་མཁན་རྣམས་ལ་བཙན་གནོན་བྱས།

དུས་ཚོད་རིང་པོ་མ་སོང་བར་ཐེངས་མང་པོའི་རིང་པེ་ཅིང་གཞུང་གིས་བོད་བརྒྱུད་ནང་བསྟན་ལ། འཆར་གཞི་ཞིབ་འགོད་ཀྱིས་ཚད་ལས་བརྒལ་བའི་དོ་སྣང་བྱས་ཤིང་། <<གོ་ལའི་དུས་བབ>> ཅེས་རྒྱ་གཞུང་གི་ཉེས་སྐྱོན་སྲུང་སྐྱོབ་པའི་བརྒྱུད་ལམ་དེས། འདས་པའི་ལོ་གཉིས་རིང་རྒྱ་གཞུང་གིས་བོད་དབང་སྒྱུར་ཙམ་མིན་པ། བོད་ཀྱི་བླ་སྲོག་དབང་སྒྱུར་གྱི་སྐོར་གནད་ཆེ་བའི་དཔྱད་བརྗོད་མང་པོ་སྤེལ། དཔྱད་བརྗོད་དེ་དག་གི་བརྗོད་དོན་གཙོ་བོ་ནི། རྒྱ་ནག་གུང་ཁྲན་གཞུང་གིས་བོད་མི་ཚོར་སྤྲུལ་སྐུའི་ཡང་སྲིད་ལ་དད་འདུན་ལམ་སྟོན་དང་། དམིགས་བསལ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ལ་དད་འདུན་ལམ་སྟོན་བྱེད་ཕྱོགས་སྐོར་བཅས་ཡིན།

༧གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ལོ་བགྲེས་སུ་ཕེབས་པ་དང་བསྟུན་ནས། རྒྱ་ནག་གཞུང་གིས་ཁོང་གི་རྗེས་འཛིན་པའི་སྐོར་ལ་ཐེ་ཏོགས་བྱེད་ཕྱོགས་ཤུགས་ཆེ་རུ་བཏང་། བོད་ཀྱི་བླ་ཆེན་དང་ཆོས་ལུགས་མི་སྣ་རྩ་ཆེན་དགོངས་པ་རྫོགས་པའི་སྐབས་ལ། སྐུ་གོང་མའི་རྗེས་འཛིན་པ་ཡང་སྲིད་ངོས་འཛིན་གནང་སྲོལ་དེ། བོད་བརྒྱུད་ནང་བསྟན་ཆོས་ལུགས་སུ་ལོ་རྒྱུས་གཏིང་ཟབ་ལྡན་པའི་ཆོས་རིག་གི་གྲུབ་ཆ་ཞིག་ཡིན། ཤུགས་དྲག་ཆེ་བའི་མའོ་ཙེ་ཏུང་གི་བཀོད་བྱུས་འོག་ནས་བྱུང་བའི་རྒྱ་ནག་གུང་ཁྲན་གཞུང་ནི། རྩོད་མེད་རང་བཞིན་གྱིས་ལྷ་མེད་སྨྲ་བའི་གོམས་གཤིས་ཅན་དུ་གྱུར་པ་དེས། ད་ལྟའི་སྐབས་ལ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལས་རིམ་དབང་སྒྱུར་ཐབས་ལ་འབད་བརྩོན་བྱེད་ཀྱིན་ཡོད། བག་ཚ་གང་ཡང་མེད་པའི་བྱ་སྤྱོད་དེས། བོད་དབང་སྒྱུར་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ལམ་ལུགས་རྣམས། ཉེན་ཁའི་ཕྱོགས་སུ་འཁྲིད་པའི་འཐབ་ཇུས་མ་ཟད། བོད་མི་རིགས་ཀྱི་གཏིང་ཟབ་པའི་རིག་གཞུང་དང་དཔལ་ཡོན་ལ་ཧམ་འཛུལ་བྱས་པ་ཞིག་ཡིན།

ད་དུང་གནད་དོན་འདིའི་ཐད་དྲིལ་བསྒྲགས་གཞི་རྒྱ་ཆེ་རུ་གཏོང་ཐབས་སུ། རྒྱ་ནག་པེ་ཅིང་གཞུང་གིས་བོད་ཀྱི་དགེ་འདུན་པ་བསྡུ་རུབ་ཀྱི་ལྷན་ཚོགས་འཛུགས་པ་དང་། དེའི་ལས་དོན་ཐག་གཅོད་ཀྱི་གལ་གནད་ཆེ་ཤོས་གུང་ཁྲན་གྱི་གཞུང་འབྲེལ་མི་སྣའི་འགན་ཁུར་བརྒྱུད ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་དེ་དག་གིས་འདེམས་སྒྲུག་བྱ་རྒྱུའི་འཆར་འགོད་བྱས། རྒྱ་ནག་གི་དབང་འཛིན་པ་ཚོས། པེ་ཅིང་དང་བོད་ཀྱི་རྒྱལ་ས་ལྷ་ས་གཉིས་ཀའི་ནང་འགྲེམས་སྟོན་ཁང་ཆེད་འཛུགས་ཀྱིས། རྒྱ་ནག་གཞུང་ལ་ཡང་སྲིད་འདེམས་སྒྲུག་ཐད་ལ། ཁྲིམས་མཐུན་གྱི་བདག་དབང་ཡོད་སྐོར་གསལ་ཁ་འདོན་ཐབས་བྱེད་བཞིན་པའི་བཀོད་བྱུས་དེ་འདྲ་བས། ཡ་ང་བག་ཚ་མེད་པར་བོད་ཀྱི་སྲོལ་རྒྱུན་གཏོར་བཤིག་དང་། བོད་མི་རིགས་ཀྱི་སེམས་ཁམས་སུ་གལ་གནད་ཆེ་བའི་གནད་དོན་ཞིག་མེད་པ་བཟོ་རྒྱུ་རེད།

བོད་བརྒྱུད་ནང་བསྟན་དུ་སྲོལ་རྒྱུན་ཡང་སྲིད་ལམ་ལུགས་ཀྱི་སྒྲོམ་གཞི་ལྟར། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་འབྱུང་འགྱུར་ཁོང་གི་རྗེས་འཛིན་པའི་ལས་དོན་གནང་ཕྱོགས་སོགས། ཁོང་ཉིད་ཀྱིས་ངེས་པར་དུ་ཁ་ཕྱོགས་གསལ་འདོན་གནང་གི་རེད། སྲོལ་རྒྱུན་ལམ་ལུགས་བཞིན། ༧གོང་ས་ཏཱ་ལའི་བླ་མ་མཆོག་དགོངས་པ་གཞན་དོན་དུ་མ་གཤེགས་པའི་སྔོན་དུ། ཁོང་གི་རྗེས་འཛིན་པ་འཚོལ་ཞིབ་ངོས་འཛིན་གནང་ཕྱོགས་ཐད་ལམ་སྟོན་འཇོག་གི་རེད། འོན་ཀྱང་། པེ་ཅིང་སྲིད་གཞུང་གིས་བོད་དུ་ཆོས་སྲིད་གཉིས་ཀའི་བདག་དབང་བཙན་བཟུང་བྱེད་འདོད་པ་དང་། རྒྱ་གཞུང་གི་ཁྲིམས་འགལ་གྱི་བྱ་སྤྱོད་དེའི་ནང་།  ཁྲིམས་ལུགས་ལ་ཐེ་བྱུས་མཁན། ལོ་རྒྱུས་རང་ཉིད་ཀྱི་དགོས་མཁོ་ལ་སྒྱུར་མཁན། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རང་ཆས་སུ་མངའ་བའི་རང་ཉིད་ཀྱི་རྗེས་འཛིན་པ་འདེམས་སྒྲུག་ལམ་སྟོན་གྱི་སྐུ་དབང་ཆ་ཚང་བ་བཀག་འགོག་བྱེད་མཁན་བཅས་ཚུད་ཡོད། རྒྱ་གཞུང་གིས་གཞི་རྒྱ་ཆེ་བའི་བྱེད་ཐབས་དེས་བོད་ཀྱི་རིག་གཞུང་ལ་བཙན་གནོན་དང་། བོད་ཀྱི་མི་རིགས་ཀྱི་གཞི་རྩའི་འགྲོ་བ་མིའི་ཐོབ་ཐང་ལ་ཚབས་ཆེན་གཏོར་བཤིག་བཏང་བ་ཞིག་ཆགས་ཡོད།

 ༼བྱུང་རབས་རྙིང་པ་ལ་འགོ་འཛུགས་གསར་པ།༽

༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པ་ཆེན་པོ་མཆོག་ནི། འཛམ་གླིང་ས་ཕྱོགས་གང་ས་ནས་ཆེས་བརྩི་མཐོང་ཆེ་བའི་ཆོས་ཀྱི་དབུ་ཁྲིད་ལ་ངོས་འཛིན་དང་། ཁོང་གི་རྗེས་འབྲང་པ་ཧ་ཅང་ཕོན་ཆེན་མུ་མཐུད་ནས་གཞི་རྒྱ་ཆེ་རུ་འགྲོ་བཞིན་ཡོད། ཁོང་གིས་ཞི་བདེ་དང་སྙིང་རྗེའི་སྐོར་ནན་གྱིས་གནང་བའི་ལམ་སྟོན་སློབ་གསོ་རྣམས། ཆོས་ལུགས་དང་རིག་གཞུང་ཁག་གི་ཁྱབ་ཁོངས་སུ་སྙན་གྲགས་རྒྱས་པ་དང་། འདས་པའི་ལོ་བཅུ་ཕྲག་འགའི་ནང་རྒྱལ་སྤྱིའི་ཐོག་ཆེས་མཐོའི་བརྩི་མཐོང་ལྡན་པའི་དབུ་འཕང་བསྟོད་ཡོད། འཚེ་མེད་ཞི་བ་དང་འཛམ་གླིང་ཞི་བདེའི་ཞབས་འདེགས་རླབས་ཆེན་དེར། ནོ་སྦེལ་ཞི་བདེའི་གཟེངས་རྟགས་དང་ཨ་རིའི་གྲོས་ཚོགས་ཀྱི་གསེར་གྱི་གཟེངས་རྟགས་བཅས། དེ་མིན་གྱི་གཟེངས་རྟགས་རིམ་པ་འབུལ་བཞེས་གནང་ཡོད།

འཛམ་གླིང་ས་ཕྱོགས་གང་ས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་གུས་བཀུར་ཆེན་པོ་ཐོབ་བཞིན་པ་ལ། རྒྱ་ནག་གཞུང་ཕྱོགས་ནས་ངོ་ཚ་ཁྲེལ་མེད་ཀྱིས་ཁོང་ལ་རྒོལ་ལན་བྱེད་ཅིང་། རྒྱ་ནག་གཞུང་གིས་ཡང་ནས་ཡང་དུ་ “ཁ་བྲལ་བ་” དང་། “གྲྭ་ཆས་གོན་པའི་སྤྱང་ཀི་” ཟེར་བ་དང་། ཁོང་གི་རྗེས་འབྲང་པ་ཚོར་ “ཏཱ་ལའི་རུ་ཚོགས་” ཞེས་དམའ་འབེབས་བྱེད་བཞིན་ཡོད། ཕྱི་ལོ་ ༡༩༥༩ ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་རྒྱ་གར་དུ་བཙན་བྱོལ་ལ་བཞུགས་པ་དེ། རྒྱ་ནག་པེ་ཅིང་སྲིད་གཞུང་གིས་ཉེན་ཁ་ལ་ངོས་འཛིན་བྱེད་ཀྱིན་ཡོད། ཉེན་ཁ་དེ་རྒྱ་ནག་གཞུང་གིས་བསམ་པ་ལས་ཤུགས་རྐྱེན་ཆེ་བ་ཡོད་རུང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ ༡༩༧༠ ལོ་ནས་བོད་རང་བཙན་མ་བརྩད་པར། རྒྱ་ནག་གི་རྩ་ཁྲིམས་ཀྱི་སྒྲོམ་གཞིའི་འོག་ཏུ་མིང་དོན་མཚུངས་པའི་རང་སྐྱོང་རྩོད་གནང་ཡོད། ཕྱི་ལོ་ ༢༠༡༡ ལོར་ཁོང་གིས་ཆབ་སྲིད་དང་འཛིན་སྐྱོང་གི་སྐུ་དབང་རྣམས། བོད་མི་མང་གིས་འོས་འདེམས་བྱས་པའི་འགོ་ཁྲིད་ལ་རྩིས་སྤྲོད་གནང་ཟིན་རུང་། རྒྱ་གཞུང་གིས་ད་དུང་ཡང་ཁོང་ནི་ཆབ་སྲིད་ངོ་རྒོལ་གྱི་སྣེ་ཁྲིད་པ་ཡིན་པའི་སྐྱོན་འཛུགས་མུ་མཐུད་ནས་བྱེད་བཞིན་ཡོད།

ཕྱི་ཟླ་བདུན་པའི་ནང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་དགུང་གྲངས་ ༨༨ ལ་ཕེབས་ཀྱིན་ཡོད་ཅིང་། ཕྱོགས་གཞན་ཞིག་ནས་དགུང་གྲངས་དེར་ཕེབས་པའི་ལོ་འགོར། ཁོང་གི་རྗེས་འཛིན་པའི་སྐོར་གླེང་སློང་གནང་སྲིད་པ་ཞིག་རེད། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མའི་སྐུ་ཕྲེང་རྗེས་མ་དེ། གང་ཟག་སུ་འདྲ་ཞིག་ཆགས་མིན་ལ་བསམ་ཞིབ་དང་མཉམ་དུ། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས། གཏིང་ཟབ་པའི་བོད་ཀྱི་སྲོལ་རྒྱུན་སྤྲུལ་སྐུའི་ལམ་ལུགས་ལ་ཧ་ཅང་གིས་དོ་དབྱིངས་ཆེན་པོ་བྱེད་ཀྱིན་ཡོད། སྤྲུལ་སྐུའི་ལམ་ལུགས་ཀྱི་སྒྲོམ་གཞིའི་ནང་། ཡང་སྲིད་དུ་ཕེབས་པའི་ན་གཞོན་བླ་མ་དེར་སྐུ་གོང་མའི་ཆོས་ལུགས་ཀྱི་སྐུ་དབང་དང་དཔལ་འབྱོར། ཆབ་སྲིད་ཀྱི་འོས་འགན་རྣམས་རང་ཆས་སུ་མངའ་བ་ཡིན། བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལས་རིམ་དེ་ཡང། སྐུ་གོང་མས་ཡང་སྲིད་ངོས་འཛིན་གནང་ཕྱོགས་ཀྱི་ལམ་སྟོན་བཞག་པ་རྣམས་གཞིར་བཟུང་། མཁས་གྲུབ་གཉིས་ལྡན་གྱི་བླ་མ་སྐྱེས་ཆེན་ཚོས་འགན་ཁུར་གནང་གིན་ཡོད། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ངོས་འཛིན་གྱི་གནད་དོན་བྱུང་རབས་ནང་། བོད་གཞུང་དང་ཡང་ན་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་བསྐོ་གཞག་གནང་བའི་རྒྱལ་ཚབ་ཀྱིས་གཙོ་འཛིན་གནང་སྲོལ་ཡོད། འདས་པའི་དུས་རབས་བརྒྱད་རིང་། བླ་མའི་ཡང་སྲིད་མང་པོ་མཐོ་སྒང་བོད་ཀྱི་ས་ཁུལ་ཁག་ཏུ་ངོས་འཛིན་གནང་ཡོད་ཀྱང་། བོད་བརྒྱུད་ནང་བསྟན་དར་སར་ཧི་མ་ལ་ཡའི་ས་ཁུལ་འབྲུག་རྒྱལ་ཁབ་དང་རྒྱ་གར། བལ་ཡུལ། ད་དུང་ཆེན་པོ་ཧོར་གྱི་ཡུལ། ཨུ་རུ་སུ་རྒྱལ་ཁབ་ཀྱི་ཁྱབ་ཁོངས་སུ་བོད་བརྒྱུད་ནང་བསྟན་ཉམས་སུ་ལེན་མཁན་དང་། དམིགས་བསལ་ཨུ་རུ་སུའི་ནང་གྲངས་ཉུང་མི་རིགས་བྷུར་ཡ་ཊི་དང་ཁཱལ་མི་ཁི་ཡ། ཐཱོ་ཝ་བཅས་ཚུད་ཡོད།

 ༼བླ་མ་དང་དཔོན་དབང་རིང་ལུགས།༽

ཕྱི་ལོ་ ༢༠༠༧ ལོར་རྒྱ་ནག་གཞུང་གིས་སྤྲུལ་སྐུའི་ལམ་ལུགས་དབང་སྒྱུར་གྱི་ཆེད་དུ། ཆོས་ལུགས་ཀྱི་གནད་དོན་ཐོག་ཁྲིམས་གཞི་བཟོས་པ་དང་། སྤྲུལ་སྐུ་གང་ཞིག་འདེམས་སྒྲུག་བྱེད་པར་གཞུང་གིས་ཆོག་མཆན་དགོས་ངེས་ཅན་དུ་བསྒྱུར། སྲོལ་རྒྱུན་ལམ་ལུགས་རྣམས་རྒྱ་ནག་གཞུང་ལ་ཡང་སྲིད་འདེམས་སྒྲུག་ཏུ་དགོས་མཁོ་མེད་ཅིང་། ལམ་ལུགས་རྣམས་དེང་སྐབས་རྒྱ་གཞུང་གི་ཁྲིམས་ཀྱི་ཁྱབ་ཁོངས་སུ་བཅུག་ཡོད། ལས་ཀྱི་སྣེ་མོ་བ་ཚོས་སྤྲུལ་སྐུའི་ལས་དོན་དང་འབྲེལ་བའི་བཀའ་རྩ་ཁྱབ་བསྒྲགས་སོགས་བྱེད་པར། རྒྱ་གཞུང་གི་འཛིན་སྐྱོང་དང་ཆོས་དོན་ལྷན་ཁང་བརྒྱུད་ནས་བྱེད་དགོས་པ་ལས། དེ་མིན་གྱི་ལམ་ཁ་གཞན་མེད། ཡང་སྲིད་ཐད་ཀྱི་ཁྲིམས་གཞི་གསར་འཛུགས་དེའང་། ཕྱི་ལོ་ ༡༩༩༥ རྒྱ་གཞུང་གི་དབང་སྒྱུར་འོག་ཡོད་པའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་ཁྱབ་བསྒྲགས་བྱས་ཡོད།

རྒྱ་ནག་གཞུང་འབྲེལ་གྱིས་རང་ཉིད་ཀྱི་སྲིད་གཞུང་ལྷ་མེད་སྨྲ་བའི་ལྟ་གྲུབ་འཛིན་མཁན་ལ་ངོས་འཛིན་བྱེད་དུ་ངེས་ཀྱང་། མི་མང་གི་ཆོས་ལུགས་དད་འདུན་ལ་ཁྲིམས་གཞི་སོགས་ཀྱིས། མུ་མཐུད་ནས་བར་འཛུལ་གྱིས་ཐེ་གཏོགས་བྱེད་བཞིན་ཡོད། འདས་པའི་བྱུང་རིམ་ནང་རྒྱ་གཞུང་གིས་བོད་ཀྱི་བླ་མའི་ཡང་སྲིད་ངོས་འཛིན་བྱས་པ་ཕོན་ཆེན་ལམ་ལྷོང་བྱུང་མེད་ལ། ཐེངས་མང་པོ་བོད་དམངས་ཁྲོད་དུ་མི་མང་ལ་སེམས་འཚབ་དང་མགོ་རྙོག་གི་དོན་རྐྱེན་བྱུང་ཡོད། ཡིད་སྐྱོའི་དཔེར་མཚོན་ཞིག་ནི། བོད་བརྒྱུད་ནང་བསྟན་དུ་ཡོངས་སུ་གྲགས་པའི་བོད་ཀྱི་བླ་ཆེན་གཉིས་པ། ༧པཎ་ཆེན་སྐུ་ཕྲེང་བཅུ་པ་མཆོག་གི་ཡང་སྲིད་སྐུ་ཕྲེང་བཅུ་གཅིག་པ། ཕྱི་ལོ་ ༡༩༩༥ ལོར་དགུང་གྲངས་ལྔ་ལ་སོན་དུས་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ངོས་འཛིན་གནང་། ལོ་དེ་རང་ལ་རྒྱ་ནག་གཞུང་གིས་བཙན་ཤེད་ཀྱི་ཐོག་ནས། ༧པཎ་ཆེན་རིན་པོ་ཆེའི་ཡང་སྲིད་རང་ཉིད་ཀྱི་འཁྲུངས་ཡུལ་ནས་གར་སོང་ཆ་མེད་དུ་གྱུར། རྒྱ་ནག་གི་དབང་འཛིན་པ་ཚོས་རང་ཉིད་ཀྱི་འདུན་དོན་ལྟར། ཕྲུ་གུ་ཞིག་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་ཡང་སྲིད་དུ་འདེམས་སྒྲུག་བྱས། ཕྱོགས་གཞན་ཞིག་ནས། ལོ་གྲངས་ཉེར་དགུ་སོང་རུང་ད་དུང་ཡང་གར་སོང་ཆ་མེད་དུ་གྱུར་པའི་བུ་དེ། ཁོང་གི་ཡབ་ཡུམ་གཉིས་དང་ཡང་སྲིད་འཚོལ་ཞིབ་ཚོགས་ཆུང་གི་མི་སྣ་གཙོ་བོ་ཚོས། ཁོང་ངོ་རྟགས་ཆོད་ཐུབ་མིན་གྱི་མཚམས་སུ་སླེབས་ཡོད།

རྒྱ་ནག་གཞུང་གིས་ཡང་སྲིད་ལམ་ལུགས་ལ་ཐེ་གཏོགས་ལག་བསྟར་བྱས་པ་དེ། ཚད་ལྡན་གཏན་ནས་མིན་པའི་གནས་ཚུལ་མང་པོ་ཡོད་ཅིང་། དེ་ཡང་རྒྱ་གཞུང་གི་ཁྲིམས་གཞིའི་འོག་ནས་ངོས་འཛིན་བྱས་པའི་བླ་མའི་ཡང་སྲིད་ཚང་མ་གཞུང་ལ་ཐོ་འགོད་བྱེད་དགོས་པ་དང་། རྒྱ་ནག་དཔོན་དབང་རིང་ལུགས་ཀྱི་སྲིད་གཞུང་གིས་ལས་གཞི་ལག་བསྟར་བརྒྱུད་ནས། རྩ་ཆེའི་ཆོས་ཉམས་སུ་ལེན་ཐབས་བྱེད་དགོས་པ་དེ། སྤྲུལ་སྐུ་རྣམས་ལ་མནར་གཅོད་ཀྱི་སྒོ་གཞན་ཞིག་ཕྱེས་པ་ཞིག་ལ་ངོས་འཛིན་བྱེད་ཆོག ཕྱི་ལོ་ ༢༠༡༦ ལོར་བོད་ཀྱི་མཁས་པ་གྲགས་ཅན་དང་། རྒྱ་ནག་གུང་ཁྲན་གྱི་འཐུས་མི་རྒན་གྲས་འཇམ་དཔལ་རྒྱ་མཚོས། བླ་མའི་ཡང་སྲིད་ངོས་འཛིན་བྱེད་ཕྱོགས་ཀྱི་ལས་རིམ་ནང་། ལྐོག་ངན་སྤྲོད་ལེན་དང་ལྐོག་ཟ་རུལ་སུངས་བྱེད་མཁན། རྒྱ་ནག་གི་གཞུང་འབྲེལ་མི་སྣ་ཁྱབ་གདལ་ཕྱིན་ཡོད་ཅེས་གསལ་འདོན་གནང་ཡོད། ཆོས་ལུགས་དང་སྲོལ་རྒྱུན་གྱི་ཕྱི་ཚུལ་འོག་ནས་བླ་མ་ཐོ་འགོད་བྱེད་མཁན་གྱི་གྲངས་འབོར། ཕྱི་ལོ་ ༢༠༠༧ ནས་ ༢༠༡༧ བར་གྲངས་ ༣༠༠ ནས་ ༡,༣༠༠ བར་བྱུང་ཡོད་པ་དེ་ལྡབ་བཞི་མང་དུ་སོང་ཡོད། གྲངས་འབོར་དེ་ནས། རྒྱ་ནག་གཞུང་འབྲེལ་མི་སྣ་ཚོས། ཆོས་ལུགས་ཀྱི་དགོས་མཁོ་ལས་ཆབ་སྲིད་དང་ལྐོག་ཟ་རུལ་སུངས་ལ་དོ་དབྱིངས་ཆེ་བ་བྱས་པ་མཚོན་ཡོད། ཆབ་སྲིད་ཀྱི་ཐེ་གཏོགས་དེ་ནི་ངེས་གཏན་མེད་པའི་གྲིབ་གཟུགས་དང་། ལོ་རྒྱུས་ཡུན་རིང་ལྡན་པའི་བོད་ཀྱི་སྲོལ་རྒྱུན་ལ་དོགས་གཞི་བསྐྲུན་པའི་རྐྱེན་དུ་གྱུར་ཡོད།

དཔོན་དབང་རིང་ལུགས་ཀྱི་ཁྱབ་ཁོངས་དེ་ནས་བོད་ཀྱི་རིག་གཞུང་དང་ཆོས་ལུགས་ཉམས་ལེན། བོད་ཀྱི་ཆོས་ལུགས་གནད་དོན་གྱི་བདག་དབང་ཐད། རྒྱ་ནག་གཞུང་གིས་ལོ་རྒྱུས་ལ་ཚིག་ཐག་གཙང་བཅད་ཀྱིས་འཁྱོག་བཤད་བྱེད་ཀྱིན་ཡོད། ཕྱི་ལོ་ ༢༠༢༡ ལོར་<<གོ་ལའི་དུས་བབ་>> ཐོག་འཁྱོག་བཤད་ཀྱི་དཔྱད་བརྗོད་སྤེལ་བའི་ནང་། “ཏཱ་ལའི་བླ་མའི་སྐུ་ཕྲེང་རིམ་བྱོན་ཡོངས་རྫོགས་རྒྱ་ནག་ཏུ་འཁྲུངས་པ་རེད་” ཅེས་འཁོད། རྒྱ་གཞུང་གི་བཤད་ཚུལ་ལྟར་བོད་ནམ་ཡང་རྒྱ་ནག་གི་ཆ་ཤས་ཡིན་པའི་དབང་དུ་བཏང་རུང་། ༧གོང་ས་ཏཱ་ལའི་བླ་མའི་འཁྲུངས་ཡུལ་ཚང་མ་བོད་ལ་ངོས་འཛིན་བྱེད་མི་ཐུབ། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཞི་པ་ཡོན་ཏན་རྒྱ་མཚོ་སོག་ཡུལ་དུ་འཁྲུངས་པ་དང་། སྐུ་ཕྲེང་དྲུག་པ་ཚངས་དབྱངས་རྒྱ་མཚོ་མོན་ཡུལ་དུ་འཁྲུངས། དེང་སྐབས་རྒྱ་གར་གྱི་ཨ་རུ་ན་ཅལ་མངའ་སྡེའི་ཁྱབ་ཁོངས་ཡིན། ད་དུང་རྒྱ་ནག་གཞུང་གིས་འཁྱོག་བཤད་མང་པོ་བྱས་པའི་ནང་ནས་གཅིག་ནི།  ཕྱི་ལོ་ ༡༦༥༣ ལོར་བོད་ཀྱི་ཆོས་ལུགས་དབུ་ཁྲིད་ལ་ཆིང་གོང་མ་ཧྲང་ཧྲི་ (Shunzhi) ཞེས་པ་གང་དེས། (ཏཱ་ལའི་བླ་མ་) ཞེས་པའི་མཚན་གནས་སྤྲད་པ་རེད་ཅེས་ཟེར། དོན་ངོ་མ། (ཏཱ་ལ་) ཞུས་པ་ནི་སོག་པོའི་སྐད་དུ་རྒྱ་མཚོ་ལ་འཇུག་ཅིང་། ཕྱི་ལོ་ ༡༥༧༨ སོག་རྒྱལ་ཨ་ཏཱན་ཁང་གིས་ཆོ་ལོ་བསྩལ་བ་ཞིག་དང་། (ཏཱ་ལའི་བླ་མ་) ཞེས་པའི་ནང་དོན་ནི་ཤེས་རབ་ཀྱི་རྒྱ་མཚོ་ཞེས་པར་གོ། མཚན་གནས་དེ་རྒྱ་ནག་གི་སྐད་དང་རྒྱ་ནག་གོང་མའི་ལོ་རྒྱུས་དང་འབྲེལ་བ་སྣ་གཅིག་ཀྱང་མེད།

 ༼བཀའ་རྩ་བོར་བརླགས།༽

ལོ་རྒྱུས་སམ་ཉུང་མཐའ་ལའང་ཡང་སྲིད་ཀྱི་སྐོར་ལ་གོ་རྟོགས་དགོས་ངེས་ཡིན་ཞིང་། རྒྱ་ནག་གི་བར་འཛུལ་གྱི་ཐེ་གཏོགས་དེས་ཡང་སྲིད་ཀྱི་སྐོར་ལ་དོགས་གཞི་ཆེན་པོ་ཆགས་པ་ཞིག་དང་། རྒྱ་ནག་གཞུང་གིས་བླ་མ་ངོས་འཛིན་གྱི་ཐོབ་ཐང་དང་། དམིགས་བསལ་༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་བསྐོ་གཞག་གི་བཀའ་རྩའི་སྐོར། དུས་རབས་བཅོ་བརྒྱད་པའི་སྐབས་ཀྱི་ཆིང་གོང་མའི་དུས་ལ་ཁུངས་བཅོལ་དགོས་རུང་། མཁས་པ་ཚོ་ལ་ད་དུང་ཡང་བཀའ་རྩ་ངོ་མ་དང་ཡང་ན་དཔེ་བཤུས་ཙམ་ཡང་ལག་སོན་བྱུང་མེད། དེའི་སྐོར་ཆིང་དུས་རབས་ཀྱི་ཡིག་ཚགས་ནང་མེད་པ་དངོས་ཡོད་དང་། ད་དུང་རྒྱ་ཡིག་དང་བོད་ཡིག་གཉིས་ཀྱི་ནང་འགྲེལ་བརྗོད་དེ་འདྲ་བ་ཞིག་རག་གི་མེད། རྒྱ་ནག་གི་དཔོན་རིགས་ཚོས་བོད་ཡིག་ནང་ཡོད་པའི་ཡིག་ཆ་ཞིག  ཆིང་གོང་མའི་སྐབས་བོད་དུ་ཆིང་གི་གཞུང་ཚབ་པ་ཨམ་བྷན་གྱིས་བསྡུ་སྒྲིག་བྱས་པ་ཞིག་ལ་དམིགས་འཛུགས་བྱེད་རུང་། དོན་དངོས་ཐོག་བཀའ་རྩ་ཟེར་བ་གཏན་ནས་མེད། གལ་སྲིད་དངོས་གནས་ཡོད་པའི་དབང་དུ་བཏང་ན། དེའི་ནང་བོད་ཁྱོན་ཡོངས་ཀྱི་གཞུང་སྐྱོང་གི་ཁྲིམས་ལུགས་སོགས་ཡོད་དགོས་པ་རྣམས། ཡ་མཚན་ཅན་དུ་འགྱུར་རྒྱུ་མ་ཚད་དེ་ནི་དོགས་གཞི་ཅན་ཞིག་ཀྱང་ཡིན་ངེས། བཀའ་རྩ་བོར་བརླགས་སོང་ཡོད་ན། རྒྱ་ནག་གོང་མ་ཁག་གི་ཡིག་ཚགས་དང་། དམིགས་བསལ་ཆིང་གོང་མའི་སྐབས་ཀྱི་ཡིག་ཚགས་རྣམས་ཞིབ་ཚགས་བདག་ཉར་མེད་པ་དང་། རྒྱ་ནག་གོང་མ་རྣམས་ཀྱི་མིང་གྲགས་ལ་འགོ་འཛུགས་སའི་ཐིག་མང་པོ་ཞིག་བསྐྲུན་པ་རེད། གང་ལྟར་དེང་རབས་རྒྱ་ནག་གཞུང་གིས། ༧གོང་ས་ཏཱ་ལའི་བླ་མའི་ཡང་སྲིད་བསྐོ་གཞག་གི་ཐོབ་ཐང་རྩོད་ལེན་ལ་རྨང་གཞིའི་བཀའ་ཁྲིམས་སོགས་གང་ཡང་མེད།

རྒྱ་ནག་གུང་ཁྲན་ཚོགས་པས། འདས་པའི་དུས་ཡུན་ནང་ཆིང་གོང་མས་བོད་དབང་སྒྱུར་རབས་ཀྱི་གནས་བབ་ལ་ཁུངས་བཅོལ་ཐབས་ནི་རྒྱག་གཏམ་རང་དུ་ཟད་ཅིང་། དུས་རབས་གཅིག་གི་ཡར་སྔོན་དུ། རྒྱ་ནག་གུང་ཁྲན་དང་མི་སེར་རིང་ལུགས་པ་གཉིས་ཀས། དཔུང་འཛུལ་བྱེད་མཁན་ཆིང་གོང་མའི་དབང་འཛིན་པ་རྣམས་མན་ཇུ་རི་ཡ་ནས་ཡོང་བའི་ “མི་རིགས་གཞན་” དང་ “བཙན་གནོན་པ།” “ཁ་བྲལ་གཏོང་མཁན་” རེད་ཅེས་རྒོལ་གཏམ་བསྒྲགས་པ་དང་། རྒྱ་ནག་དམར་ཤོག་ཚོགས་པས་ “རི་བོ་གསུམ་འགོ་རྟིང་སློག་” པའི་ཁྱབ་ཁོངས་སུ། “བཙན་རྒྱལ་རིང་ལུགས།” (རྒྱ་ནག་ནང་ནུབ་ཕྱོགས་པའི་ཐེ་བྱུས།) “ཞིང་བྲན་ལམ་ལུགས།” (ཆིང་གི་ཁྲིམས་སྲོལ།) “དཔོན་དབང་རིང་ལུགས་སམ་མ་རྩ་རིང་ལུགས།” (རྒྱ་ནག་མི་སེར་རིང་ལུགས་པའི་ཁྲིམས་སྲོལ།) བཅས་ཚུད་ཡོད། དེང་རབས་རྒྱ་ནག་གི་ཁྲིམས་ལུགས་སུ་ཆིང་དུས་རབས་ཀྱི་ཁྲིམས་དང་བཀའ་རྩ་སོགས། ཁུངས་བཙན་རང་བཞིན་ཅན་སྣ་གཅིག་ཀྱང་དམངས་ལ་བསྟན་རྒྱུ་མེད།

རྒྱ་ནག་པེ་ཅིང་གཞུང་གིས་བླ་མའི་ཡང་སྲིད་སྐོར་ལ་ཐེ་བྱུས་བྱེད་འགོ་ཚུགས་དུས། ཁྱད་གསོད་རིང་ལུགས་པས་མིའི་གནད་དོན་ལ་གཙིགས་ཆེན་འཛིན་སྲོལ་མེད་པའི་ཐོག ད་དུང་བར་དུ་གཅོད་པའི་ལས་ལ་དྲི་རྟགས་ཆེན་པོ་ཞིག་ཀྱང་སླེབས་ཡོད། ཕྱི་ལོ་ ༡༩༥༩ ནས་ ༡༩༩༠ བར་མཚམས་སུ་རྒྱ་ནག་གི་དབང་འཛིན་པ་ཚོས། བོད་རྒྱུད་ནང་བསྟན་གྱི་བླ་མའི་ཡང་སྲིད་རིམ་བྱོན་འདེམས་སྒྲུག་བྱེད་འཇུག་གི་མེད། ཕྱི་ལོ་ ༡༩༨༩ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་ནོ་སྦེལ་ཞི་བདེའི་གཟེངས་རྟགས་འབུལ་བཞེས་ཀྱི་རྗེས་སུ། རྒྱ་ནག་གཞུང་གིས་ཁོང་གི་མཚན་སྙན་གྲགས་ལ་འགྲན་ཟླ་གསོ་སྐྱོང་ལ་དམིགས་ནས།  བོད་ནང་སྤྲུལ་སྐུའི་སྲོལ་རྒྱུན་ལམ་ལུགས་ལ་བསྐྱར་ཞིབ་ཀྱི་ལས་དོན་གཉེར་ཡོད། ཕྱི་ལོ་ ༡༩༩༥ ལོར་ཡང་སྲིད་ཐད་ཁྲིམས་གཞི་གཏན་འབེབས་ཀྱི་འཆར་འགོད་གཅིག་ནི། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་འདེམས་སྒྲུག་ལ་རྒྱ་གཞུང་གིས་ཐེ་གཏོགས་བྱེད་པའི་ལམ་བུ་གཏོད་པ་ཞིག་ཡིན། དེང་སྐབས་རྒྱ་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་བསྐོ་གཞག་གི་བདག་དབང་རག་ཐབས་སུ། ཆིང་དུས་རབས་ཀྱི་གནས་བབ་རྩ་འཛིན་བྱེད་ཐབས་དང་། བཙན་གྱིས་ལོ་རྒྱུས་ལ་འགྲེལ་ཐབས་བྱས་པ་ལས། དེ་མིན་རྒྱུ་མཚན་གནས་ལུགས་ལྡན་པའི་རྩ་འཛིན་སྣ་གཅིག་ཀྱང་བསྟན་རྒྱུ་མེད།

 ༼སྐྱེ་བ་ཕྱི་མའི་ལམ་ལུགས།༽

བོད་ཀྱི་སྲོལ་རྒྱུན་ལམ་ལུགས་ནང་། བླ་མ་སྐུ་འཚོ་བཞུགས་སྐབས་སྐྱེ་བ་ཕྱི་མའི་སྐོར་ལ་གླེང་སློང་བྱས་ན་མ་གུས་པར་ཡིན་ཞིང་། བླ་མའི་དགོངས་རྫོགས་ལ་སྤྱི་ཚོགས་སུས་དང་འདོད་ཆེན་པོ་བྱས་པ་དེ་ནི། དད་འདུན་དང་ཚོར་སྣང་གི་དྲི་མ་ཙམ་ཡང་མེད་པ་ཞིག་ལ་ངོས་འཛིན། ༧གོང་ས་ཏཱ་ལའི་བླ་མ་ཁོང་ཉིད་ཀྱིས་དེའི་སྐོར་ཐུགས་ཞིབ་ལྷོད་པོ་གནང་བཞིན་ཡོད་རུང་། རྒྱ་ནག་གཞུང་གིས་ཚོར་བ་དྲག་པོས་འབྱུང་འགྱུར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ཡང་སྲིད་ལ་ཐེ་བྱུས་ཧམ་འཛུལ་བྱས་དོན་གང་ལ་ཐུག་ཡོད། དཔེར་མཚོན་ཞིག་ནི། ཕྱི་ལོ་ ༢༠༡༩ ལོར་ཡང་སྲིད་སྐོར་ལ་བཀའ་འདྲི་ཞུ་དུས། “ངའི་ཡང་སྲིད་ལ་བྲེལ་ལ་གང་འདུག་གམ། གཅིག་བྱས་ན་ ༨༤ ལ་སླེབས་དུས་གསལ་འདོན་བྱེད་སྲིད། ཡིན་ནའང་ངའི་གཟུགས་གཞི་བདེ་ཐང་ཡིན་” ཞེས། ཁོང་གིས་ཐུགས་གཞི་ཡངས་པོས་ལན་འདེབས་གནང་།

ཚིག་ཐག་ཆོད་པོའི་ཐོག་ནས་བརྗོད་ཐུབ་པ་ཞིག་ནི། ༧གོང་ས་ཏཱ་ལའི་བླ་མ་མཆོག་དང་བོད་མིའི་སྤྱི་ཚོགས་བཅས་ཀྱིས། ཁོང་སྐུ་འཚོ་བཞུགས་མིན་པའི་སྐབས་དང་ཡང་སྲིད་ཀྱི་གནད་དོན་གལ་འགངས་ཤིན་ཏུ་ཆེ་བ་རྣམས། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་པ་སྤྱི་དང་བོད་ཀྱི་མ་འོངས་པའི་ཆེད་དུ་སྣང་མེད་གཏོང་མི་སྲིད། གནས་ལུགས་མི་ལྡན་པའི་ལྷ་མེད་སྨྲ་བའི་གུང་ཁྲན་སྲིད་གཞུང་གིས། མུ་མཐུད་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་དམའ་འབེབས་དང་། ཁོང་གི་སྐུ་པར་སྒྲིག་གཤོམ་བཀག་འགོག ཡང་སྲིད་ཀྱི་གནད་དོན་བཀས་བཀོད་བྱེད་ཐབས་དེས། དངོས་ཡོད་གནས་ལུགས་ལ་འགྱུར་ལྡོག་གཏོང་མི་ཐུབ། ཕྱི་ལོ་ ༢༠༠༩ ནས་ ༢༠༢༢ བར་བོད་ནང་བོད་མི་ ༡༥༧ ཙམ་གྱིས་བོད་རང་དབང་དང་༧གོང་ས་ཏཱ་ལའི་བླ་མ་མཆོག་བོད་དུ་ཕྱིར་ཕེབས་འཇུག་དགོས་ཞེས། རྒྱ་ནག་གཞུང་ལ་ངོ་རྒོལ་གྱིས་རང་ལུས་མེར་སྲེག་བཏང་ཡོད། འགལ་ཟླ་དང་དགྲ་ཟླའི་གནས་བབ་སྡུག་ཏུ་སོང་བའི་དོན་དངོས་འོས་འགན་ནི། ཕྱི་ལོ་ ༡༩༥༠ ནང་རྒྱ་ནག་གུང་ཁྲན་ཚོགས་པས་བོད་དུ་བཙན་འཛུལ་གྱིས། ཧ་ལམ་བོད་ཀྱི་དགོན་སྡེ་ཁག་ ༦,༠༠༠ གཏོར་བཤིག་བཏང་བ་དང་མཉམ་དུ་གྲྭ་བཙུན་ཕལ་ཆེ་བ་སྐྱར་ཕབ། བོད་ཀྱི་གནའ་བོའི་སྒྱུ་རྩལ་དངོས་རིགས་ཊུན་སྟོང་ཕྲག་འགའ་དབོར་འདྲེན་དང་། ཕྱོགས་གཞན་ཞིག་ནས་བོད་དུ་བརྒྱ་ཆའི་བདུན་བཅུ་དོན་ལྔ་གཏོར་བཤིག་དང་འཕྲོག་བཅོམ། ཡང་ན་གཞན་ལ་བེད་སྤྱོད་བཏང་བ་བཅས་བྱས། གཏོར་བཤིག་གཏོང་མཁན་གྱི་གུང་ཁྲན་ཚོགས་པ་དེ་ཉིད་ཀྱིས། ནང་པའི་དབུ་ཁྲིད་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་འདེམས་སྒྲུག་གི་ཐོབ་ཐང་ལ་རྩོད་ལེན་བྱས་པ་དེ། དཔེས་མཚོན་ཐབས་མེད་པའི་གཡོ་སྒྱུ་ཆེ་བའི་བྱ་བ་ཞིག་ཡིན།

ཕྱི་ལོ་ ༢༠༡༡ ལོར་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཡང་སྲིད་ཐད་ཁ་གསལ་ཞིབ་ཕྲའི་གསུང་འཕྲིན་ཕེབས་པ་དེས། དོགས་གཞི་གང་ཡང་མེད་པའི་ཐོག་ནས་རྒྱ་ནག་གི་ཐེ་བྱུས་རྩིས་མེད་སོང་ཡོད། གསུང་འཕྲིན་ནང་། ཁོང་གིས་ཡང་སྲིད་ཐད་ཡིག་ཐོག་ལམ་སྟོན་གསལ་པོ་འཇོག་རྒྱུ་དང་། དེ་དགའ་ལྡན་ཕོ་བྲང་ཡིད་ཆེས་དགེ་རྩའམ་༧གོང་ས་ཏཱ་ལའི་བླ་མ་སྐུ་སྒེར་གྱི་ཡིག་ཚང་གི་འབྲེལ་ཡོད་བླ་ཆེན་དང་། བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་ཚོས་གྲོས་བསྡུར་ལག་བསྟར་བྱེད་དགོས་ཞེས་གསལ། ཡང་སྲིད་ངོས་འཛིན་དང་གང་དུ་སྐྱེ་བ་བཞེས་མིན་བཅས། དོ་བདག་ཁོ་ན་ལ་བདག་དབང་ཡོད་ཅེས་གསལ་ཁ་བཏོན་གནང་ཡོད། ད་དུང་ཁོང་གིས། གལ་སྲིད་ཁོང་བཙན་བྱོལ་ལ་དགོངས་པ་རྫོགས་ན། ཡང་སྲིད་རྒྱ་ནག་ལས་གཞན་པའི་ས་ཆ་གཞན་དུ་འཁྲུངས་ཀྱི་རེད་ཅེས་ཞིབ་ཕྲ་གསུངས་ཡོད། གསུང་འཕྲིན་དེ་རྒྱ་ནག་གཞུང་གིས་ཡང་སྲིད་ལམ་ལུགས་ལ་ཐེ་གཏོགས་བྱ་རྒྱུའི་ཀུན་སློང་ལ་ལན་འདེབས་གསལ་པོ་དང་། ད་དུང་ ༢༠༡༩ ལོར་བཙན་བྱོལ་དུ་ཡོད་པའི་བོད་བརྒྱུད་ནང་བསྟན་དང་བོན་གྱི་བླ་ཆེན་རྣམས་ལྷན་ཚོགས་ཀྱིས་དེའི་སྐོར་བསྐྱར་ནན་གནང་། ཕྱི་ལོ་ ༢༠༡༡ ལོར་གསུང་འཕྲིན་ཕེབས་པའི་ནང་། “གོང་ས་ཏཱ་ལའི་བླ་མ་མཆོག་དགུང་ལོ་ ༩༠ ལ་ ( ༢༠༢༥ ནང་) ཕེབས་དུས་ཁོང་གི་རྗེས་འཛིན་པའི་སྐོར་ལམ་སྟོན་གནང་རྒྱུ་ཡིན་” ཞེས་གསལ།

གང་ལྟར་ཡང་བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པ་རྣམས་དང་དགའ་ལྡན་ཕོ་བྲང་གི་ངོས་ནས། ཡང་སྲིད་ཀྱི་གནད་དོན་ཐག་གཅོད་ཐད་ལས་དོན་གང་ཞིག་གཉེར་རུང་། རྒྱ་ནག་གཞུང་གིས་ཧ་ལམ་མུ་མཐུད་བྱེད་ཀྱིན་མ་རེད། ཡང་སྲིད་ཀྱི་ལས་དོན་འདིའི་ཐད། རྒྱ་གཞུང་གི་ཆབ་སྲིད་དགོས་མཁོའི་ཐེ་གཏོགས་མེད་པའི་ཐོག་ནས། ཆོས་ལུགས་ཀྱི་སྨྲ་བརྗོད་རང་དབང་རྣམས། འགྲོ་བ་མིའི་གཞི་རྩའི་ཐོབ་ཐང་ལ་གཙིགས་སུ་འཛིན་མཁན་གྱི་རྒྱལ་ཁབ་ཁག་གི་རྒྱབ་སྐྱོར་ལ་བརྟེན་ནས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྲེང་རྗེས་མ་འདེམས་སྒྲུག་གི་ལས་དོན་གཉེར་དགོས་པ་ཡིན།

 ༼ཁུ་སིམ་ནང་གི་ངན་པ་ལག་སྦྲེལ།༽

དུས་རབས་མང་པོའི་རིང་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་སྐུ་ཕྲེང་རིམ་བྱོན་གྱི་གནད་དོན་ཐད། བོད་མི་ཚོས་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་ལམ་སྲོལ་གྱི་ངོ་བོའི་ཐོག་ནས་རྒྱུན་ཉར་བྱས་པ་དང་། གནས་སྟངས་འགའ་ཤས་དམིགས་བསལ་ཡིན་པ་ལས། གཞན་རྣམས་ཞི་འཇམ་དང་མགོ་རྙོག་གང་ཡང་མེད་པའི་ཐོག་ནས། མཛད་པ་རྣམས་སྔ་ཕྱི་རིམ་སྐྱོང་བྱས་ནས་ཕེབས་ཡོད། དུས་རབས་ལྔའི་རིང་འགྱུར་བ་མེད་པ་ཉམས་སུ་བླངས་ནས་བྱུང་བའི་སྲོལ་རྒྱུན་ནང་། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རང་ཉིད་ཀྱི་རྗེས་འཛིན་པ་ཇི་ལྟར་ཕེབས་མིན་གྱི་སྐུ་དབང་རང་ཆས་སུ་མངའ་བ་རྣམས། རྒྱ་ནག་གཞུང་གིས་བཙན་འཕྲོག་བྱེད་འཆར་གྱི་ཇུས་ངན་ནམ་ཡང་ངོས་ལེན་བྱེད་ཐབས་མེད་པ་ཞིག་ཡིན།

རྒྱ་ནག་གཞུང་གིས་ཁྲིམས་དང་ཀུན་སྤྱོད་གང་ཡང་མེད་པའི་ཐོག་ནས། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་འཛིན་པའི་སྐོར་ཐེ་བྱུས་བྱས་པར་བལྟས་ན། རྒྱལ་སྤྱིའི་མི་མང་གིས་ཆོས་ལུགས་ཀྱི་རང་དབང་དང་སྲ་བརྟན་སྲུང་སྐྱོབ་ལ་འགན་ཁུར་བྱེད་དགོས་པ་དང་། རྒྱ་ནག་གི་བྱེད་སྟངས་དེ་འཇིགས་སྣང་སྐྱེ་དགོས་པའི་ཉེན་བརྡ་ཞིག་ཀྱང་ཡིན། ཕྱི་ལོ་ ༢༠༢༠ ལོར་ཨ་རི་གཞུང་གིས་གལ་གནད་ཆེ་བའི་བོད་དོན་རྒྱབ་སྐྱོར་དང་། ཁྲིམས་གཞི་གཏན་འབེབས་ཀྱི་མདུན་སྐྱོད་གནང་ཟིན་པ་དང་། ཁྲིམས་གཞིའི་ནང་། “རྒྱལ་སྤྱིའི་ཐོག་ནས་ངོས་འཛིན་བྱེད་པའི་ཆོས་ལུགས་ཀྱི་རང་དབང་དང་ཡིད་ཆེས་ལ་སྲུང་སྐྱོབ་དགོས་པ་དང་མཉམ་དུ། བོད་བརྒྱུད་ནང་བསྟན་གྱི་ཆོས་ལུགས་དབུ་ཁྲིད་ངོས་འཛིན་གནང་ཕྱོགས་དང་། དེའི་ནང་ནས་འབྱུང་འགྱུར་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པའི་སྐོར་ལ། རྒྱ་ནག་མི་མང་སྤྱི་མཐུན་རྒྱལ་ཁབ་ཀྱི་ཐེ་བྱུས་གང་ཡང་མེད་པ། བོད་བརྒྱུད་ནང་བསྟན་གྱི་རྗེས་འབྲང་པའི་སྡེ་དང་། ༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅུ་བཞི་པའི་ལམ་སྟོན་གཞི་རྩར་བཟུང་དགོས་” ཞེས་གསལ། གལ་སྲིད་རྒྱ་ནག་གཞུང་འབྲེལ་མི་སྣ་སུས་ཐེ་གཏོགས་བྱས་ན་ཉེས་ཆད་གཅོད་རྒྱུ་རེད།

ཨ་རི་གཞུང་གི་ལངས་ཕྱོགས་དེ་ཕན་རླབས་ཆེན་པོ་ཡིན་རུང་། སྲིད་ཇུས་དེར་གནད་ཡོད་ཀྱི་རྒྱལ་ཁབ་དང་ཚོགས་སྡེ་ཁག་གི་རྒྱབ་སྐྱོར་མེད་ན་ལམ་ལྷོང་ཡོང་གི་མ་རེད། གནད་ཡོད་ཀྱི་རྒྱལ་ཁབ་ཁག་གི་ནང་ནས་ཡོ་རོབ་དང་རྒྱ་གར། སོག་ཡུལ་དང་འབྲེལ་ནས་བོད་བརྒྱུད་ནང་བསྟན་འགྱུར་བ་མེད་པ་ཉམས་སུ་ལེན་མཁན་གྱི་ཚོགས་སྡེ་ཁག (ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མཐུན་ཚོགས་) དེ་བཞིན་ཁེ་ན་ཌ་དང་ཉི་ཧོང་། ལྷོ་ཀོ་རི་ཡ་སོགས་༧གོང་ས་ཏཱ་ལའི་བླ་མ་མཆོག་དང་དམིགས་བསལ་འབྲེལ་ལམ་ཡོད་པ་ཁག་བཅས་ཚུད་ཡོད། ཨ་རི་གཞུང་གི་ཁྲིམས་གཞི་གཏན་འབེབས་ནང་བཞིན། ཡོ་རོབ་གྲོས་ཚོགས་ཀྱི་ངོས་ནས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རང་ཉིད་ཀྱི་ཡང་སྲིད་ངོས་འཛིན་ཐག་གཅོད་ཀྱི་སྐུ་དབང་ཆ་ཚང་ཡོད་ཅེས་ཁྲིམས་གཞི་གཏན་འབེབས་བྱེད་རུང་བ་དངོས་གསལ་ཆགས་ཡོད། ༼ཡོ་རོབ་ཀྱི་རྒྱལ་ཁབ་མང་པོར་ནང་བསྟན་ཆོས་ལུགས་ཆེ་ཤོས་གསུམ་པའམ་ཡང་ན་བཞི་པ་ཆགས་ཀྱིན་ཡོད།༽  

རྒྱ་གར་གཞུང་མང་གཉིས་ལའང་དམིགས་བསལ་གྱི་འོས་འགན་ཡོད་པ་ནི། ༧གོང་ས་ཏཱ་ལའི་བླ་མ་མཆོག་ཆེས་མཐོའི་སྐུ་མགྲོན་གྱི་མཚན་ཐོག་ནས། ཡུལ་དེར་ལོ་བཅུ་ཕྲག་དྲུག་ལྷག་ཙམ་བཞུགས་ཟིན་པ་དང་། ཁོང་གིས་མི་ལོ་ (༢,༠༠༠) ཡར་སྔོན་ནས་ཡུལ་དེ་ནས་བོད་དུ་དར་བའི་ནང་པའི་ཆོས་ཉམས་སུ་ལེན་མཁན་རྒྱ་གར་གྱི་བུ་ཕྲུག་ཡིན་ཞེས་གསུང་གིན་ཡོད། ད་དུང་ཆེན་པོ་ཧོར་གྱི་མི་འབོར་མང་ཤོས་ནང་པ་ཡིན་ཞིང་། དེ་དག་མང་ཆེ་བ་༧གོང་ས་ཏཱ་ལའི་བླ་མ་མཆོག་གི་རྗེས་འབྲང་པ་ཡིན་པས། ༧གོང་ས་ཏཱ་ལའི་བླ་མ་མཆོག་ལ་རང་ཉིད་ཀྱི་ཡང་སྲིད་ཐག་གཅོད་ཀྱི་སྐུ་དབང་ཆ་ཚང་ཡོད་ཅེས་གསལ་ཁའི་དྲིལ་བསྒྲགས་བྱེད་རུང་བ་ཡིན། 

ཉི་ཧོང་རྒྱལ་ཁབ་ཀྱི་ངོས་ནས་༧གོང་ས་ཏཱ་ལའི་བླ་མ་མཆོག་ཡང་ཡང་གདན་འདྲེན་ཞུས་པ་དང་རྗེས་འབྲང་པའང་ཧ་ཅང་ཕོན་ཆེན་ཡོད། དེར་བརྟེན་ཡང་སྲིད་ཀྱི་སྐུ་དབང་སྐོར་གོང་དང་གཅིག་མཚུངས་ཁྲིམས་གཞི་གཏན་འབེབས་བྱེད་རུང་བ་དང་། དེ་བཞིན་དུ་༧གོང་ས་ཏཱ་ལའི་བླ་མ་མཆོག་གིས་ཁེ་ན་ཌའི་མི་སེར་གྱི་ཐོབ་ཐང་བཞེས་པས། གཞུང་དེ་ལ་ཁོང་གི་ཆོས་ལུགས་ཀྱི་སྐུ་དབང་དང་། རང་དབང་སྲུང་སྐྱོབ་བྱེད་པའི་འོས་འགན་ཡོད། ད་དུང་ནང་པའི་རྒྱལ་ཁབ་ལྷོ་ཀོ་རི་ཡ་དང་ (ལྷོ་ཤར་ཨེ་ཤེ་ཡའི་རྒྱལ་ཁབ་ཁག་གི་མཐུན་ཚོགས་) སུ་ཡོད་པའི་ནང་པའི་རྒྱལ་ཁབ་ཁག་གིས། ནང་པའི་སྲོལ་རྒྱུན་གོམས་གཤིས་རྣམས་སྲུང་སྐྱོབ་དགོས་པ་ཧ་ཅང་གལ་ཆེན་ཡིན། གལ་སྲིད་ངོ་རྒོལ་སོགས་གང་ཡང་མེད་པ། རྒྱ་ནག་གཞུང་གིས་༧གོང་ས་ཏཱ་ལའི་བླ་མ་སྐུ་ཕྲེང་བཅོ་ལྔ་པ་འདེམས་སྒྲུག་བྱས་ན། དེ་ནས་རྒྱ་ནག་གུང་ཁྲན་ཚོགས་པས། ནང་བསྟན་སྤྱི་དང་དགོན་སྡེ་ཁག་གི་གནས་བབ། ནང་པའི་རྒྱལ་ཁབ་གཞན་ཁག་གི་དབུ་ཁྲིད་ཀྱི་གོ་གནས་སོགས་ལ། དབང་སྒྱུར་ཐག་གཅོད་ཀྱི་ལམ་བུ་གཏོད་པ་རེད།

བཤད་སྲོལ་ལ་ “ཁུ་སིམ་ནང་གི་ངན་པ་ལག་སྦྲེལ།” ཟེར་བ་དེ། ༧གོང་ས་ཏཱ་ལའི་བླ་མ་མཆོག་གི་ཡང་སྲིད་ཀྱི་གནད་དོན་ཐད་ལ་དོན་དངོས་ཆགས་ཡོད། དེ་ཡང་དྲང་བདེན་དང་ཆོས་ལུགས་ཀྱི་རང་དབང་རྣམས་སྲུང་སྐྱོབ་མ་ཐུབ་ན། རྒྱ་སྐྱེད་རིང་ལུགས་པ་རྣམས་བློ་སྤོབས་སྐྱེད་པ་ཙམ་དུ་མ་ཟད། ཨེ་ཤེ་ཡ་དང་ནང་པའི་རྒྱལ་ཁབ་ཁག་གི་སྲ་བརྟན་ལ་ཉེན་ཁ་ཆེ།  ད་དུང་གོ་ལའི་ལྷོ་བྱང་གཉིས་ལ་རྒྱ་སྐྱེད་རིང་ལུགས་པའི་ཡན་ལག་འཕེལ་རྒྱས་འགྲོ་ངེས་ལ་སོང་། འཛམ་གླིང་གི་རྒྱལ་ཁབ་རྣམས་དྲང་བདེན་དང་ཆོས་ལུགས་རང་དབང་སྲུང་སྐྱོབ་ཀྱི་རྩ་དོན་ཐོག་ལང་དགོས་པ་གནད་འགག་ཡིན། བོད་བརྒྱུད་ནང་བསྟན་ལ་རང་ཉིད་ཀྱི་དབུ་བླ་རང་ཉིད་ཀྱིས་འདེམས་སྒྲུག་གི་ཐོབ་ཐང་དང་། མི་ཡོངས་རྫོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་དར་ཆེན་དགུང་དུ་འདེགས་པའི་ཐོབ་ཐང་ཆ་ཚང་ཡོད།། །།

 དྲ་ཐགhttps://www.foreignaffairs.com/china/battle-soul-dalai-lama-tibet

 ༼ཡིག་སྒྱུར་བའི་གསལ་བཤད།༽

བོད་སྒྱུར་གྱི་མ་གཞིའི་ཁུངས་དབྱིན་ཡིག་གི་མ་རྩོམ་ཡིན། མ་རྩོམ་གྱི་ཁ་བྱང་དེ་དུས་དེབ་ཁང་གིས་བཅོས་སྒྲིག་བྱས་པས། བོད་སྒྱུར་ནང་རྩོམ་པ་པོའི་དགོངས་དོན་བཞིན་དོན་སྒྱུར་ལས་ཐད་སྒྱུར་ཞུས་མེད། <<ཕྱི་སྲིད་དུས་དེབ་>> ནི། ལོ་གྲངས་བརྒྱ་ཕྲག་གཅིག་གི་ཡར་སྔོན་ཏེ། ཕྱི་ལོ་ ༡༩༢༢ ཟླ་ ༩ ཚེས་ ༡༥ ཉིན་གོང་གི་གནད་དོན་ཐོག་ཨ་རིའི་ཁྱད་མཁས་མི་སྣ་ཚོས་གསར་འཛུགས་གནང་། དུས་དེབ་འདི་རྒྱལ་སྤྱིའི་ཐོག་ཤུགས་ཅན་ཤིན་ཏུ་ཆེ་བ་དང་། རྩོམ་པ་པོ་རྣམས་ཀྱང་། རྒྱལ་སྤྱིའི་འབྲེལ་ལམ་དང་ཨ་རིའི་ཕྱི་སྲིད་གནད་དོན་ལ་ཡོངས་གྲགས་སུ་མཁས་དབང་ཤ་སྟག་ཡིན། དུས་དེབ་འདི་འཛམ་གླིང་ཐོག་འགྲེམས་སྤེལ་བྱས་ནས་ལོ་བརྒྱ་ཕྲག་བརྒལ་རུང་། ཧ་ལམ་ད་ལྟའི་བར་བོད་མི་སུ་གཅིག་གིས་རྩོམ་འབྲི་བའི་གོ་སྐབས་བཟུང་ཐུབ་མེད། ཉེ་དུས་སྲིད་ཟུར་མཁས་དབང་བློ་བཟང་སེང་གེ་ལགས་ཀྱིས་བྲིས་གནང་བའི་རྩོམ་ཡིག་འདིས། རྒྱལ་སྤྱིའི་གཞུང་དང་མི་མང་ལ་གོ་རྟོགས་གསལ་པོ་དང་། བློ་སྒོ་ཡངས་པོ་ཕྱེ་བའི་རེ་བ་ཆེན་པོ་ཡོད།

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||