རྒྱ་མི་ཞིག་གི་རྫུན་རྐུབ་བརྡོལ་འདུག

རྒྱ་མི་ཞིག་གིས་གིས་༢༠༠༨ ལོ་བོད་ནང་བོད་མི་ཚོས་ཞི་རྒོལ་སྐབས་ཁོང་གི་ཕ་རྒན་གྱིས་གོང་རིམ་གི་བཀའ་ལ་མ་བརྩིས་བར་བོད་མི་ཚོར་དྲག་གནོན་བྱས་མེད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་དམར་ཤོག་གཞུང་གིས་ཁོང་ཚང་ལ་སུན་བཙེར་དང་མནར་གཅོད་འདྲ་མིན་བཏང་ཡོད་རབས་བརྗོད་ཀྱང་། དོན་དུ་ཁོང་ནི་མི་གསོད་ལག་དམར་ཞིག་ཡིན་པ་དང་བོད་དོན་ལ་རྒྱབ་སྐྱོར་ཡོད་ཁུལ་གྱིས་ཁེ་སང་ལེན་འདོད་ཡོད་མཁན་ཞིག་ཆགས་ཡོད་འདུག

མི་ལོ་ཉི་ཤུའི་གོང་སྟེ་ཕྱི་ལོ་༢༠༠༢ ལོ་ལིས་ཧོང་(Leo Li) ཟེར་བའི་རྒྱ་མི་དེས་ཁེ་ན་ཌའི་རྒྱལ་ཁབ་ནང་སློབ་སྦྱོང་བྱེད་སྐབས་རང་གི་དགའ་རོགས་(AmandaZhao) དམར་གསོད་བཏང་ནས་མོའི་རོ་དེ་སི་ཊེ་ཕྷོ་(Stave Lake) ཞེས་པའི་མཚོ་འགྲམ་དུ་གཡུགས་ཡོད་འདུག། དེའི་རྗེས་ལིས་ཧོང་གིས་ཁོང་གི་དགའ་རོགས་བོར་བརླག་ཕྱིན་སོང་ཞེས་ཉེན་རྟོག་པ་ལ་སྙན་གསེང་ཞུས་ཡོད་འདུག་ལ། ཉིན་བཅུའི་གཅིག་རྗེས་བེམ་པོ་མཚོ་འགྲམ་ནས་རྙེད་རུང་སྐབས་དེ་ལིས་ཧོང་རྒྱ་ནག་ལ་གསང་བྲོས་ཕྱིན་ཚར་ཡོད་འདུག ཕྱི་ལོ་༢༠༠༩ ལོ་ཁེ་ན་ཌའི་ཉེན་རྟོག་པས་ལིས་ཧོང་མི་གསོད་ལག་དམར་ཡིན་པའི་ཁུངས་འཕེར་དཔང་རྟགས་ཡིག་ཆ་དག་རྒྱ་ནག་གི་ཉེན་རྟོག་པར་རྩིས་སྤྲད་བྱས་རྗེས་ལིས་ཧོང་དངོས་སུ་འཛིན་བཟུང་བྱས་ཞིང་། ཕྱི་ལོ་༢༠༡༡ ལོ་ལིས་ཧོང་ལ་མི་གསོད་ལག་དམར་གྱི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད་ཀྱང་། ཕྱི་ལོ་༢༠༡༤ ལོ་རྒྱ་ནག་རྒྱལ་ས་པེ་ཅིན་གྱི་ཆེས་མཐོ་མི་དམངས་ཁྲིམས་ཁང་གིས་ལིས་ཧོང་མི་གསོད་ལག་དམར་ཡིན་པའི་ཁུངས་འཕེར་དཔང་རྟགས་འདང་ངེས་མེད་ཚུལ་བརྗོད་དེ་ལོ་བདུན་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་འདུག ཕྱི་ལོ་༢༠༡༦ ལོ་ལིས་ཧོང་བཙོན་གྲོལ་ཐོབ་པ་དང་རང་གི་མིང་(Zongyuan Li) ལ་བརྗེས་ཡོད་འདུག

ཕྱི་ལོ་༢༠༡༩ ལོའི་ཟླ ༦ པར་ལིས་ཧོང་གིས་(Zongyuan Li) ཞེས་བའི་མིང་ཐོག་ནས་ནེའུ་ཛི་ལན་ཌི་ལ་ཡུལ་སྐོར་སྤྲོ་འཆམ་གྱི་མཐོང་མཆན་ཞུས་ཏེ་བསླེབས་ཡོད་འདུག ཡུལ་སྐོར་སྤྲོ་འཆམ་རྗེས་རྒྱ་ནག་ཏུ་ཕྱིར་ལོག་ཡོད་པ་དང་ལོ་དེའི་ཕྱི་ཟླ་༡༡ ནང་ཡང་བསྐྱར་སློབ་མའི་མཐོང་མཆན་ཞུས་ཏེ་ནེའུ་ཛི་ལན་ཌི་ལ་བསླེབས་ཡོད་འདུག། ཁོང་གི་སྐྱེས་དམན་དང་བུ་ཆུང་གཉིས་བཅས་ཀྱིས་ཡུལ་བསྐོར་སྤྲོ་འཆམ་གྱི་མཐོང་མཆན་ཞུས་ཏེ་ནེའུ་ཛི་ལན་ཌིར་བསླེབས་ཡོད་འདུག ཁོང་ཉིད་སློབ་མཐར་ཕྱིན་རྗེས་ཨོ་ཁེ་ལན་ཌི་(Auckland) གྲོང་ཁྱེར་ནང་དུ་བསྡད་ཡོད་པ་དང་། ཁོ་ལ་ལས་ཀ་བྱེད་ཆོག་པའི་ཡིག་ཆ་མེད་རྐྱེན་འདས་བའི་ལོ་གསུམ་རིང་ཁོང་གི་ཕ་མ་གཉིས་ཀྱིས་འཚོ་སྣོན་དང་ཁང་པ་ཉོ་བའི་རོགས་དངུལ་མཁོ་སྤྲོད་བྱས་ཡོད་འདུག

ཉེ་ཆར་ནེའུ་ཛི་ལན་ཌི་སྐྱབས་བཅོལ་ལས་ཁུངས་ཀྱིས་ལིས་ཧོང་གི་གཤིས་སྤྱོད་ལ་འགྱུར་ལྡོག་ཆེ་བ་ཞིང་འཁྲབ་སྟོན་དང་སྐྱག་རྫུན་སྨྲ་བར་བྱང་ཆ་ཆེ་བ། གནས་ཚུལ་རྫུན་མ་ཏག་ཏག་མཁོ་སྤྲོད་བྱས་རྐྱེན་ཡིག་ཆ་སྔ་ཕྱི་ནང་འགལ་ཆེ་ཚུལ་བཅས་བརྗོད་ནས་སྐྱབས་བཅོལ་ཞུས་བ་ངོས་ལེན་བྱས་མེད་པའི་གནས་ཚུལ་ཐོན་འདུག

ནེའུ་ཛི་ལན་ཌིའི་གསར་འགྱུར་དྲ་བའི་སྟེང་བོད་རིགས་ཚོགས་པའི་ཚོགས་གཙོ་ཟུར་བ་དབང་འདུས་ཚེ་རིང་གིས་དེ་སྔ་ཁོ་རང་ཚོགས་གཙོ་ཡིན་སྐབས་ལིས་ཧོང་གིས་ཁོང་གི་ཕ་རྒན་ལྷ་ས་ཡི་དམག་དཔོན་གཞོན་པ་ཞིག་དང་བོད་མི་ལ་ཤ་ཚ་མཁན་ཞིག་ཡིན་ཚུལ་བརྗོད་དེ་ཁོ་ལ་རྒྱབ་གཉེར་ཡི་གེ་ཞིག་སྤྲོད་དགོས་བ་དང་། ནེའུ་ཛི་ལན་ཌི་ནས་སྡོད་ཆོག་པར་རོགས་རམ་བྱ་དགོས་ཚུལ་བརྗོད་སོང་རབས་དང་ལིས་ཧོང་གིས་ཕྱི་ལོ་༢༠༠༨ ལོ་བོད་མི་ཚོས་ཞི་རྒོལ་སྐབས་ཁོང་གི་ཕ་རྒན་གྱིས་གོང་རིམ་གི་བཀའ་ལ་མ་བརྩིས་བར་བོད་མི་ཚོར་དྲག་གནོན་བྱས་མེད་པ་དང་། དེ་ལ་བརྟེན་ནས་རྒྱ་ནག་དམར་ཤོག་གཞུང་གིས་ཁོང་ཚང་ལ་སུན་བཙེར་དང་མནར་གཅོད་འདྲ་མིན་བཏང་བྱུང་ཟེར་ཡོད་རབས་བརྗོད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།