རྒྱའི་བཙོན་འོག་ཏུ་ཡོད་པའི་ཚོང་དཔོན་རྡོ་རྗེ་བཀྲ་ཤིས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག 

རྒྱ་ནག་གཞུང་གིས་༸གོང་ས་མཆོག་གི་༸སྐུ་སྒེར་ཡིག་ཚང་ལ་ཞལ་འདེབས་ཕུལ་བའི་ཉེས་མིང་འོག་འཛིན་བཟུང་བྱས་ནས་ཕྱི་ལོ་༢༠༡༠ ལོར་ལྷ་ས་གྲྭ་བཞི་བཙོན་ཁང་དུ་ཚེ་བཙོན་གྱི་ཁྲིམས་ཐག་བཅད་པའི་ལྷ་ས་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ཀྱི་གཟུགས་གཞིའི་གནས་སྟངས་ཛ་དྲག་ཆགས་ཡོད་འདུག

ཕྱི་ལོ་༢༠༠༨ ལོའི་ས་བྱི་ཞི་རྒོལ་ཆེན་མོ་བྱུང་ནས་ཟླ་འགའི་རྗེས་སུ། ལྷ་སའི་གཡག་འགྲོན་ཁང་གི་སྦྱིན་བདག་རྡོ་རྗེ་བཀྲ་ཤིས་ཀྱི་ཁྱིམ་དུ་སྔོག་གཤེར་བྱས་ཏེ། ཁོང་གིས་བོད་མིའི་བླ་ན་མེད་པའི་དབུ་ཁྲིད་༸གོང་ས་༸སྐྱབས་མགོན་ཆེན་པོ་མཆོག་གི་༸སྐུ་སྒེར་ཡིག་ཚང་ལ་རྒྱ་སྒོར་ས་ཡ་༢༠ ཞལ་འདེབས་ཕུལ་བའི་བྱུང་འཛིན་ལག་སོན་བྱུང་ལུགས་བཤད་དེ། རྒྱ་ནག་གཞུང་གིས་ཆབ་སྲིད་གནད་དོན་གྱི་དོགས་གཞིའི་འོག་ཁོང་བཀག་སྐྱིལ་བྱས་ཡོད་པ་དང་། ཕྱི་ལོ་༢༠༡༠ ཟླ་༦ ཚེས་༢༦ ཉིན་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་གིས་གསང་བའི་ངང་ཁྲིམས་རྭ་ཞིག་འཚོགས་ཏེ་རྡོ་རྗེ་བཀྲ་ཤིས་ཀྱིས་བུ་ལོན་གཡོ་ལེན་བྱས་ཡོད་པའི་ཉེས་མིང་འོག་ཚེ་བཙོན་གྱི་ཁྲིམས་ཐག་བཅད།

རྒྱ་གཞུང་གིས་རྡོ་རྗེ་བཀྲ་ཤིས་ལོ་མང་རིང་བཙོན་འཇུག་བྱས་ཏེ་མི་སྤྱོད་ལས་འདས་པའི་མནར་གཅོད་ཚད་མེད་བཏང་བའི་རྐྱེན་གྱིས་ད་ལྟ་ཁོང་ལ་སྙིང་གི་ན་ཚ་དང་། ལུས་པོ་སྐྲངས་པ། གཞང་འབྲུམ་སོགས་ཀྱི་ནད་གཞི་ལྕི་མོ་ཕོག་ཡོད་སྟབས། ཁོང་གི་གཟུགས་གཞིའི་གནས་སྟངས་ཧ་ཅང་ཛ་དྲག་ཆགས་ཡོད་འདུག། རྒྱ་གཞུང་གིས་བཀྲ་ཤིས་རྡོ་རྗེ་ཁོང་གི་ནང་མི་དང་ཁྲིམས་རྩོད་པར་ཐུག་འཕྲད་བྱེད་དུ་འཇུག་གི་མེད་འདུག

བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་འཕེལ་རྒྱས་ལྟེ་གནས་ཁང་གིས་ན་ནིང་སྤེལ་བའི་གནས་ཚུལ་ལ་གཞིགས་ན། རྡོ་རྗེ་བཀྲ་ཤིས་ཀྱི་ཁྲིམས་རྩོད་པས་ཕྱི་ལོ་༢༠༡༣ ལོར་ལྷ་ས་འབྲིང་རིམ་མི་དམངས་ཁྲིམས་ཁང་ལ་ཐེངས་དང་པོ་ཞུ་འབོད་བྱས་ཡོད་ཀྱང་དེ་ལ་ལན་འདེབས་གང་ཡང་མ་བྱས་པར་ལོ་དྲུག་ཕྱིན་པའི་རྗེས། ཕྱི་ལོ་༢༠༡༩ ཟླ་༡༡ ནང་ཞུ་འབོད་དེར་ངོས་ལེན་བྱས་མེད་པ་དང་། ཟླ་བ་རྗེས་མར་ཐེངས་གཉིས་པ་ཞུ་འབོད་བྱས་རྗེས་ཕྱི་ལོ་༢༠༢༠ ཟླ་༡ ཚེས་༦ ཉིན་རྡོ་རྗེ་བཀྲ་ཤིས་དང་ཁོང་གི་ཁྲིམས་རྩོད་པ་གཉིས་ཕན་ཚུན་ཐུག་འཕྲད་བྱུང་ཡོད་འདུག ཁོང་བཙོན་འཇུག་བྱས་པའི་རྗེས་རྒྱ་ནག་གི་དབང་འཛིན་པས་ཁོང་གི་སྙན་གྲགས་ཆེ་བའི་གཡག་འགྲོན་ཁང་དང་། དེ་བཞིན་གཞི་ཀ་རྩེ་ལ་ཡོད་པའི་འགྲོན་ཁང་སོགས་གཞུང་བཞེས་བཏང་ཡོད་འདུག 

རྡོ་རྗེ་བཀྲ་ཤིས་ནི། གྲུབ་འབྲས་ཆེས་ལེགས་ཤོས་བྱུང་བའི་བོད་པའི་ཚོང་པའི་གྲས་ཤིག་ཡིན་པ་དང། ཁོང་ཕྱི་ལོ་༢༠༠༣ ནས་རྒྱ་ནག་དམར་ཤོག་ཚོགས་པའི་ཚོགས་མིར་ཞུགས་ཡོད་པ་དང་། ཕྱི་ལོ་༢༠༠༥ ལོར་རྒྱ་ནག་དམར་ཤོག་སྲིད་གཞུང་གི་སྲིད་འཛིན་ཟུར་པ་ཧུ་ཅིན་ཐའོ་(Hu Jintao) དང་། སྲིད་བློན་ཟུར་པ་ཝུན་ཅཱ་པོ་(Wen Jiabao) དང་ཐུག་འཕྲད་བྱས་མྱོང་ཡོད་པ་མ་ཟད། སྐབས་དེར་ས་གནས་དམར་ཤོག་སྲིད་གཞུང་གིས་ཕུལ་བྱུང་གི་གཞོན་སྐྱེས་བཅུའི་ཁོངས་སུ་མིང་འདོན་ཡང་བྱས་མྱོང་ཡོད་འདུག 

རྒྱ་ནག་གཞུང་གིས་བོད་ཡུལ་རྒྱ་ཡུལ་དང་། བོད་པ་རྒྱ་མིར་སྒྱུར་བའི་དམིགས་ཡུལ་ཁོ་ན་བཟུང་ནས་དེ་འཚམ་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་ཡོད་པར་བརྟེན། བོད་ཀྱི་ཆོས་དཔལ་རིག་གསུམ་ལ་ཁ་ཡོད་ལག་ཡོད་ཀྱི་ཞབས་འདེགས་དང་ཕན་པ་སྒྲུབ་ཐུབ་མཁན་གྱི་བླ་ཆེན་དང་ཤེས་ཡོན་པ། ཚོང་པ། རྩོམ་པ་པོ། ལས་འགུལ་བ་རྣམས་ཉེས་མིང་འདྲ་མིན་སྣ་ཚོགས་ཀྱི་འོག་ཏུ་འཛིན་བཟུང་དང་བཙོན་འཇུག ཁྲིམས་མེད་ལུགས་མེད་ཀྱི་མནར་གཅོད་བཏང་དང་དམར་གསོད་བཏང་ནས་འབུར་འཇོམས་བྱེད་རྐྱང་བྱེད་ཀྱི་ཡོད་པ་རེད། ། 

གསར་འགོད་པ་དཀོན་མཆོག་རབ་བརྟན།