ལོ་རྗེས་མར་འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་རྒྱ་གར་ཆགས་རྒྱུ་རེད་འདུག 

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་བརྗོད་དོན་ལྟར་ན། ལོ་རྗེས་མར་རྒྱ་གར་གྱི་མི་འབོར་དེ་རྒྱ་ནག་ལས་མང་བ་ཆགས་ནས། འཛམ་གླིང་ནང་མི་འབོར་མང་ཤོས་ཀྱི་རྒྱལ་ཁབ་ཆགས་རྒྱུ་ཡིན་འདུག 

ཟླ་༧ པའི་ཚེས་༡༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་འཛམ་གླིང་མི་འབོར་ཉིན་མོ་དང་བསྟུན་ནས། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་མི་འབོར་དང་འབྲེལ་བའི་སྙན་ཐོ་ཞིག་བཏོན་ཡོད་པ་རེད་འདུག 

དེ་ཡང་འདི་ལོའི་ཟླ་༡༡ ཟིན་སྐབས་འཛམ་གླིང་གི་མི་འབོར་ཁྱོན་བསྡོམས་དེ་ཐེར་འབུམ་༨ ཆགས་རྒྱུ་ཡིན་འདུག་ཀྱང་། མི་འབོར་འཕེལ་ཚད་དེ་སྔོན་མ་དང་བསྡུར་ན་དལ་པོ་ཡིན་འདུག དེ་ཡང་ད་ལྟའི་མི་འབོར་འཕེལ་ཚད་དེ་ཕྱི་ལོ་༡༩༥༠ ནས་ད་བར་འཕེལ་ཚད་དལ་ཤོས་དེ་ཡིན་འདུག་ཀྱང་། ག་ལེར་འཕེལ་ཚད་འཕར་ནས་ཕྱི་ལོ་༢༠༨༠ གྱ་གྲངས་ནང་དུ་འཛམ་གླིང་གི་མི་འབོར་དེ་ཐེར་འབུམ་༡༠.༤ ཆགས་རྒྱུ་ཡིན་འདུག འོན་ཀྱང་ཆེད་ལས་པ་ཁག་ཅིག་གིས་མི་འབོར་གྲངས་ཚད་དེ་ཕྱི་ལོ་༢༠༨༠ ཡི་སྔོན་ལ་ལོན་སྲིད་པའི་ཡིད་ཆེས་བྱེད་ཀྱི་ཡོད་འདུག 

ལོ་རྗེས་མར་རྒྱ་གར་གྱི་མི་འབོར་དེ་ཐེར་འབུམ་༡.༤ ཆགས་རྒྱུ་ཡིན་འདུག་པ་དང་། རྒྱ་ནག་ནི་འཛམ་གླིང་ནང་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་ཚད་དེ་དམའ་ཤོས་གྲས་སུ་ཚུད་ཀྱི་ཡོད་པ་དང་། རྒྱ་ནག་གཞུང་གིས་ལོ་རྗེས་མ་ནས་མི་འབོར་ཉུང་དུ་འགྲོ་མགོ་འཛུགས་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་འདུག མི་འབོར་ཉུང་དུ་འགྲོ་བའི་དུས་ཚོད་དེ་ནི་དེ་སྔོན་ཚོད་དཔག་བྱས་པའི་དུས་ཚོད་ལས་སྔ་བ་ཡིན་འདུག རྒྱ་ནག་གཞུང་གིས་ཕྲུ་གུ་གཅིག་གི་སྲིད་བྱུས་ཕྱིར་འཐེན་བྱས་ཏེ། ཕྲུ་གུ་གཉིས་ལས་མང་བ་སྐྱེ་མཁན་ཚོར་བྱ་དགའ་སྤྲོད་རྒྱུ་གསལ་བསྒྲགས་བྱས་མིན་ལ་མ་ལྟོས་པར་མི་འབོར་ཉུང་དུ་འགྲོ་རྒྱུ་རེད་འདུག

མ་འོངས་པའི་ལོ་ངོ་༣༠ ནང་དུ་འཛམ་གླིང་གི་མི་འབོར་འཕེལ་ཚད་ཕྱེད་ཀ་དེ་རྒྱལ་ཁབ་༨ ཀྱི་ནང་དུ་འབྱུང་རྒྱུ་ཡིན་འདུག་པ་དང་། རྒྱལ་ཁབ་དེ་དག་ནི་ཀོང་གྷོ། ཨི་ཇེབ། ཨི་ཐོ་པཱི་ཡ། རྒྱ་གར། ནཱེ་ཇེ་རི་ཡ། པཱ་ཀི་སེ་ཐན། ཧྥི་ལེ་པེན། ཊ་ཛ་ནི་ཡ་བཅས་ཡིན་འདུག 

ད་ལྟའི་ཆར་འཛམ་གླིང་ཡོངས་སུ་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་ཚད་དམའ་རུ་འགྲོ་བཞིན་འདུག་པ་དང་། ལྷག་པར་དུ་དཔལ་འབྱོར་ཡར་ཐོན་མཐོ་ཤོས་ཀྱི་རྒྱལ་ཁབ་ཁག་ཅིག་གི་ནང་དུ་ཕྲུ་གུ་གསར་སྐྱེས་ཀྱི་གྲངས་ཚད་དམའ་རུ་སོང་ནས། མི་འབོར་ཉུང་དུ་འགྲོ་བཞིན་ཡོད་པ་རེད་འདུག ཕྱི་ལོ་༢༠༥༠ ཡི་སྔོན་ལ་རྒྱལ་ཁབ་༦༡ ནང་དུ་མི་འབོར་ཉུང་མཐར་བརྒྱ་ཆ་༡ མར་ཆག་རྒྱུ་རེད་འདུག 

ཚན་རིག་དང་སྨན་ལ་བརྟེན་ལ་བྱིས་པ་མང་པོ་ཞིག་ལོ་ཆེན་པོ་བར་གསོན་པོ་གནས་ཐུབ་ཀྱི་ཡོད་འདུག་པ་དང་། དེ་ལ་བརྟེན་ནས་ཕྱི་ལོ་༢༠༥༠ ཟིན་སྐབས་འཛམ་གླིང་ནང་དུ་མིའི་ཆ་སྙོམས་ཚེ་ཚད་ནི་ལོ་༧༧.༢ ཙམ་ཆགས་རྒྱུ་རེད་འདུག ད་ལྟའི་ཆར་འཛམ་གླིང་ནང་ལོ་ན་༦༥ ཡན་གྱི་མི་འབོར་ནི་བརྒྱ་ཆ་༡༠ ཡིན་འདུག་ཀྱང་། མིའི་ཆ་སྙོམས་ཚེ་ཚད་འཕར་རྒྱུ་ཡིན་པ་ལ་བརྟེན་ནས་ཕྱི་ལོ་༢༠༥༠ ནང་དུ་ལོ་ན་༦༥ ཡན་གྱི་མི་འབོར་དེ་བརྒྱ་ཆ་༡༦ བར་འཕར་རྒྱུ་ཡིན་པའི་ཚོད་དཔག་བྱེད་བཞིན་འདུག 

རྒྱལ་ཁབ་གཅིག་གི་དཔལ་འབྱོར་ཡར་རྒྱས་འགྲོ་བར་ལས་ཀ་བྱེད་ཐུབ་མཁན་གྱི་མི་འབོར་མང་པོ་དགོས་རྒྱུ་གལ་ཆེན་ཆགས་ཡོད་པ་དང་། ཡར་ཐོན་གྱི་རྒྱལ་ཁབ་ཁག་ཅིག་ནང་དུ་མི་འབོར་མང་པོ་ཞིག་ལོ་ན་རྒས་ནས་ལས་ཀ་བྱེད་ཐུབ་མཁན་གྱི་མི་འབོར་ཉུང་དུ་འགྲོ་བཞིན་ཡོད་པས་དཔལ་འབྱོར་ཉམས་ཆག་གི་ཉེན་ཁ་ཆེན་པོ་འཕྲད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།