ལྕམ་ནན་སི་པཱི་ལོ་སི་ཡིས་རྒྱ་ནག་གི་ཨོ་རྩལ་འགྲན་ཚོགས་ལ་ངོ་རྒོལ་བྱེད་པའི་སྐུལ་མ་བྱས་འདུག
ཨ་རིའི་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པཱི་ལོ་སི་ཡིས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་རྒྱ་ནག་ཏུ་འཚོགས་འཆར་ཡོད་པའི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་ལ་མཉམ་ཞུགས་མི་བྱེད་པའི་སྐུལ་མ་བྱས་འདུག
ཟླ་༥ པའི་ཚེས་༡༩ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཅིག་ཏུ་གནས་ཚུལ་སྤེལ་གསལ། ཉེ་ཆར་ཨ་རིའི་གྲོས་ཚོགས་ནང་དུ་རྒྱ་ནག་གི་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་འབྲེལ་བའི་ཉན་ཞིབ་ཚོགས་འདུ་ཞིག་འཚོགས་ཡོད་འདུག་པ་དང་། སྐབས་དེར་གྲོས་ཚོགས་འོག་མའི་ཚོགས་གཙོ་ལྕམ་ནན་སི་པཱི་ལོ་སི་ཡིས། ཨོ་རྩལ་འགྲན་ཚོགས་དེར་རྩེད་མོ་བ་རྣམས་ཀྱིས་མཉམ་ཞུགས་བྱེད་རྒྱུ་ཡིན་ཡང་། ཨ་རིའི་གཞུང་གིས་རྒྱ་ནག་ནང་ཏུ་ཨོ་རྩལ་འགྲན་ཚོགས་གོ་སྒྲིག་བྱེད་པར་སྐྱོན་ཆ་གང་ཡང་མེད་པ་ལྟ་བུར་མཉམ་ཞུགས་བྱེད་ཐུབ་རྒྱུ་མིན་པ་དང་། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་སྐོར་གསུངས་ནས། རྒྱལ་སྤྱིའི་རྒྱལ་ཁབ་ཁག་གི་འགོ་ཁྲིད་ཚོས་ཀྱང་རྒྱ་ནག་ལ་མཐོང་ཆེན་སྤྲད་མི་རུང་བ་དང་། འགྲན་ཚོགས་དེར་མཉམ་ཞུགས་བྱེད་མི་རུང་བས། གཞུང་འབྲེལ་ཐོག་ནས་ངོ་རྒོལ་བྱེད་དགོས་པའི་སྐུལ་མ་བྱས་འདུག
ཨ་རིའི་རྒྱལ་ས་ཝ་ཤིན་ཀྲོན་ཏུ་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མགྲིན་ཚབ་པས། ལོ་རྒྱུས་དང་ད་ལྟའི་གནས་བབ་ཐོག་ནས་ཨ་རིས་རྒྱ་ནག་ལ་འགྲོ་བ་མིའི་ཐོབ་ཐང་ཐད་ཁུངས་མེད་ཀྱི་སྐྱོན་བརྗོད་བྱེད་པའི་གནས་བབ་མེད་སྐོར་དང་། བཟང་སྤྱོད་ཀྱི་དབང་ཚད་ཀྱང་མེད་སྐོར་བརྗོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།