ལྡི་ལིར་འབར་གས་དོན་རྐྱེན་ཁྲོད་ཤི་རྨས་ཚབས་ཆེན་བྱུང་འདུག

ཁ་སང་ཕྱི་༡༡ ཚེས་༡༠ དགོང་མོ་ཆུ་ཚོད་༧ པ་ཙམ་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་གློ་བུར་དུ་འབར་གས་ཀྱི་དོན་རྐྱེན་ཆེན་པོ་ཞིག་བྱུང་ནས་ཁྱོན་མི་༡༣ བསད་ཡོད་པ་དང་། མི་༢༤ ལ་རྨས་སྐྱོན་ཕོག་ཡོད་པའི་གནས་ཚུལ་ཐོན་འདུག དོན་རྐྱེན་དེ་ནི་དྲག་སྤྱོད་པའི་གཏོར་རྒོལ་ཡིན་པ་བརྒྱུད་ལམ་མང་པོ་ཞིག་ནས་གནས་ཚུལ་ཐོན་བཞིན་ཡོད།

པར། རྒྱ་གར་གྱི་དུས་བབ་གསར་ཁང་།

ཕྱི་ཚེས་༡༡ ཉིན་རྒྱ་གར་གྱི་དུས་བབ་གསར་ཁང་གཙོས་བརྒྱུད་ལམ་གཞན་ནས་གནས་ཚུལ་ཐོན་གསལ་ལྟར་ན། ཁ་སང་ཕྱི་ཚེས་༡༠ དགོང་མོ་ཆུ་ཚོད་༦ དང་སྐར་མ་༥༢ ཐོག་ལ་རྒྱ་གར་གྱི་རྒྱལ་ས་ལྡི་ལི་རྙིང་པར་ཡོད་པའི་མཁར་དམར་པོ་དང་། ཅན་ཏི་ནི་ཅོག་ས་འོག་མེ་འཁོར་དུ་འཛུལ་བའི་སྒོ་ཨང་དང་པོའི་ཉེ་འཁོར་གྱི་གཞུང་ལམ་ཐོག་ཏུ་རླངས་འཁོར་ཞིག་དལ་པོ་འགྲོ་བཞིན་པའི་སྐབས་གློ་བུར་དུ་འབར་གས་བྱུང་ནས། རླངས་འཁོར་དེའི་ཉེ་འཁོར་ལ་ཡོད་པའི་རླངས་འཁོར་གཞན་རྣམས་ལའང་གཏོར་རྒོལ་ཆེན་པོ་ཐེབས་ནས་ཁྱོན་མི་༡༣ བསད་འདུག་པ་དང་། མི་༢༤ རྨས་སྐྱོན་ཕོག་པའི་གནས་ཚུལ་ཐོན་འདུག མཁར་དམར་པོ་ནི་དུས་རྒྱུན་རྒྱ་གར་གཞུང་འབྲེལ་གྱི་མཛད་སྒོ་ཆེན་ཁག རྒྱ་གར་རང་བཙན་ཉིན་མོ་དང་། རྒྱ་གར་མང་གཙོ་དུས་ཆེན་སོགས་ཚོགས་སྲོལ་ཡོད་པ་དང་། ས་ཆ་དེ་ནི་རྒྱ་གར་གྱི་རྒྱལ་ས་ལྡི་ལི་ནང་གི་ས་ཆ་གལ་ཆེ་ཤོས་ཤིག་ཆགས་ཀྱི་ཡོད་དུས། ས་ཆ་དེ་ལ་གཏོར་རྒོལ་བྱས་པ་ནི་རྒྱལ་ཁབ་ཀྱི་མཚན་སྙན་ལ་གནོད་པའི་བྱ་སྤྱོད་ཅིག་ཆགས་ཀྱི་ཡོད་འདུག

པར། རྒྱ་གར་གྱི་དུས་བབ་གསར་ཁང་།

ཁ་སང་གཏོར་རྒོལ་དེ་བྱུང་རྗེས་རྒྱ་གར་གཞུང་གིས་རྒྱལ་ཁབ་བདེ་སྲུང་དམག་མི་ (National Security Guard) དང་རྒྱལ་ཁབ་ཞིབ་བཤེར་ལྷན་ཁང་ (National Investigation Agency) གཉིས་དུས་ཐོག་ཏུ་བཏང་ནས་ད་བར་མི་བཞི་འཛིན་བཟུང་བྱས་ཏེ་ད་ལྟ་འདྲི་རྩད་བྱེད་བཞིན་ཡོད་འདུག ད་ལྟ་རྒྱ་གར་གཞུང་གིས་ལྡི་ལི་ནང་ཡོད་པའི་གསང་བའི་གློག་མིག་ (CCTV) བརྒྱ་ཙམ་ལ་ཞིབ་འཇུག་བྱས་ནས་ཤེས་རྟོགས་བྱུང་བ་ཞིག་ལ་འབར་རྫས་འཁྱེར་མཁན་གྱི་རླངས་འཁོར་དེ་རྒྱ་གར་བྱང་ཕྱོགས་མངའ་སྡེ་ (Haryana) ནས་ལྡི་ལི་ནང་འཛུལ་ཡོད་པ་དང་། ཚོད་དཔག་བྱས་ན་ (Jammu Kashmir) མངའ་སྡེ་ནས་ཡོང་བ་ཞིག་ལ་ངོས་འཛིན་བྱེད་ཀྱི་ཡོད་འདུག རྒྱུ་མཚན་ནི་ཟླ་བ་སྔོན་མ་ (Jammu Kashmir) མངའ་སྡེ་ནང་འབར་རྫས་ཁྱོན་ཀི་ལོ་༢༩༠༠ དང་གཞན་རྒྱ་ནག་ནས་བཟོས་པའི་མེ་མདའ་དང་གསང་བའི་འཕྲུལ་ཆས་སོགས་མང་པོ་ཞིག་རྒྱ་གར་གྱི་ཉེན་རྟོག་པས་འཚོལ་ཞིབ་བྱེད་དུས་རྙེད་ཡོད་འདུག་ལ། དེ་བཞིན་འཇིགས་སྐུལ་རིང་ལུངས་པ་དང་འབྲེལ་བ་ཡོད་པའི་དོགས་གཞི་ཡོད་མཁན་མི་ཁག་ཅིག་འཛིན་བཟུང་བྱས་པ་དག་ལས་ཤེས་རྟོགས་བྱུང་བ་དང་། མི་དེ་དག་གི་དྲ་རྒྱ་འཚོལ་བཤེར་བྱེད་དུས་ཤེས་རྟོགས་བྱུང་བ་ཞིག་ལ། ཐེངས་འདིའི་ལྡི་ལིའི་ནང་གི་གཏོར་རྒོལ་དེ་རྒྱ་གར་གྱི་མཐོ་རིམ་མི་སྣ་དང་འཇིགས་སྐུལ་རིང་ལུགས་པ་དང་འབྲེལ་བ་ཡོད་པའི་དོགས་པ་ཆེན་པོ་བྱེད་བཞིན་ཡོད་འདུག ད་བར་སྨན་པ་གཉིས་འཛིན་བཟུང་བྱས་ཡོད་འདུག་པ་དང་། ཤེས་ཡོན་པ་དེ་དག་གིས་དྲག་སྤྱོད་པ་དག་ལ་དངུལ་སྤྲོད་ཀྱི་ཡོད་པ་དོགས་གཞི་བྱེད་བཞིན་ཡོད་འདུག ད་དུང་རྒྱ་གར་ནང་མངའ་སྡེ་ཕན་ཚུན་བར་མཐོ་རིམ་མི་སྣ་དེ་དག་གིས་འབྲེལ་བ་བཙུགས་ནས་གྲོང་ཁྱེར་ཆེ་ཁག་འགའ་ཤས་ནང་གཏོར་རྒོལ་བྱེད་རྒྱུའི་དོགས་གཞི་ཡོད་པས། (Bihar, Punjab, Maharashtra, Kolkata, Jaipur, Haryana, Uttar Pradesh) སོགས་མངའ་སྡེ་དེ་དག་ནང་ཡོད་པའི་མི་མང་ཚོས་གཟབ་གཟབ་བྱེད་དགོས་པ་བརྗོད་འདུག
ཁ་སང་གཏོར་རྒོལ་དེ་ལ་རྒྱ་གར་གྱི་སྲིད་བློན་མོ་དྷི་ནས་འདས་གྲོངས་སུ་ཕྱིན་པ་རྣམས་ལ་གདུང་སེམས་མཉམ་བསྐྱེད་དང་། རྨས་པ་རྣམས་ལ་གཞུང་གིས་རོགས་རམ་གནང་གི་ཡིན་པ་བརྗོད་འདུག དེ་བཞིན་ནང་སྲིད་བློན་ཆེན་ (Amit Shah) སྨན་ཁང་དུ་ཕེབས་ནས་རྨས་པ་རྣམས་དང་ཐུག་འཕྲད་བྱས་འདུག།

གསར་འགོད་པ། བསོད་ནམས་ཕུན་ཚོགས།