ལྷ་སའི་ཇོ་ཁང་འཁྲིས་ཀྱི་བསང་ཁྲི་ཞིག་གཏོར་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༢ ཉིན་ཏེ། བོད་ཟླ་༡༠ པའི་ཚེས་༢༥ དགའ་ལྡན་ལྔ་མཆོད་ཆེན་མོའི་མཚན་མོ་བོད་ཀྱི་རྒྱལ་ས་ལྷ་སའི་ཇོ་ཁང་ཤར་ཕྱོགས་ཀྱི་བསང་ཁྲི་དེ་རྒྱ་ནག་གཞུང་གིས་གཏོར་བཤིག་བཏང་ཡོད་པའི་གནས་ཚུལ་འདུག

དེ་ཡང་འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། དགའ་ལྡན་ལྔ་མཆོད་ཉིན་མོར་མི་མང་གིས་དེར་བསང་གསོལ་བཏང་ཡོད་པ་དང་། ཕྱི་ཉིན་ཞོགས་པ་བསང་གསོལ་གཏོང་དུ་མི་མང་འགྲོ་སྐབས་བསང་ཁྲི་གཏོར་བཤིག་བཏང་ཟིན་ཡོད་འདུག བསང་གཏོང་དུ་འགྲོ་མཁན་ཚོས་ཧ་ཅང་སེམས་སྡུག་ཆེན་པོ་བྱེད་ཀྱི་ཡོད་པ་དང་། ཁག་ཅིག་ངུ་མཁན་ཡང་བྱུང་ཡོད་འདུག་ལ། རྒྱུ་མཚན་ག་རེ་བྱས་ནས་གཏོར་ཡིན་གསལ་ཁ་གང་ཡང་བཏོན་མེད་འདུག བསང་ཁྲི་དེ་དད་ལྡན་མི་མང་གིས་གལ་ཆེན་བརྩི་ཡི་ཡོད་པ་དང་། རྒྱུན་དུ་ཇོ་མཇལ་ལ་འགྲོ་སྐབས་དེར་བསང་གཏོང་གི་འདུག

གཏོར་ཤུལ་གྱི་པར་ཡང་ཡོད་སྐོར་བརྗོད་འདུག་ཀྱང་། རྒྱ་ནག་གིས་བོད་མིར་དམ་དྲག་ཧ་ཅང་ཆེན་པོ་ཡོད་པ་མ་ཟད། དྲ་ལམ་དུ་ལྟ་རྟོགས་གཟབ་ནན་བྱེད་ཀྱི་ཡོད་པས། པར་ཕྱི་ལ་གཏོང་ཐུབ་མེད་པ་རེད།།

གསར་འགོད་པ་ཆོས་ཉིད་འོད་ཟེར།