ལྷོ་ཀོ་རི་ཡའི་སྨན་ཁང་ཞིག་ལ་མེ་སྐྱོན་ཚབས་ཆེན་ཤོར་འདུག
ལྷོ་ཀོ་རི་ཡའི་སྨན་ཁང་ཞིག་ཏུ་མེ་སྐྱོན་ཚབས་ཆེན་ཤོར་ནས་སྨན་ཁང་དེ་དང་དེའི་འདབས་འབྲེལ་གྱི་རྒན་ཁོག་ནད་གསོའི་ཁང་ནས། ཉུང་མཐར་མི་གྲངས་༤༡ ཀྱི་ཚེ་སྲོག་ཤོར་ཡོད་འདུག
ཟླ་༡ པོའི་ཚེས་༢༦ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ལྷོ་ཀོ་རི་ཡའི་རྒྱལ་ས་སཱོལ་ནས་རྒྱང་ཐག་ཀི་ལོ་མི་ཊར་༢༧༠ ཙམ་གྱི་གནས་སུ་ཡོད་པའི་མཱི་རང་གྲོང་ཁྱེར་དུ་ཡོད་པའི་སཱིའུ་ཇོང་སྨན་ཁང་དུ། དབུགས་ནད་ཀྱི་ཛ་དྲག་སྨན་བཅོས་ཁང་དུ་མེ་ཤོར་ནས་སྨན་ཁང་དེ་དང་དེའི་འདབས་འབྲེལ་གྱི་རྒན་ཁོག་ནད་གསོའི་ཁང་དུ་མེ་ཁྱབ་ཡོད་པ་དང་། ཁང་བརྩེགས་དེ་གཉིས་སུ་ནད་པ་ཁྱོན་བསྡོམས་༢༠༠ ཡོད་འདུག
ད་ལྟའི་ཆར་ཉུང་མཐར་ལ་མི་གྲངས་༤༡ ཀྱི་ཚེ་སྲོག་ཤོར་ཡོད་འདུག་པ་དང་། མི་གྲངས་༧༠ ལས་མང་བར་རྨས་སྐྱོན་ཕོག་ཡོད་འདུག
མེ་གསོད་རུ་ཁག་གིས་ཚེ་སྲོག་ཤོར་བའི་ནད་པ་རྣམས་དུ་བ་རྔུབ་འཐེན་བྱས་རྐྱེན་ཤི་བ་འདྲ་བོ་ཡོད་སྐོར་དང་། རྨས་སྐྱོན་ཕོག་པའི་མི་གྲངས་ཁོངས་ནས་ཁག་ཅིག་ཛ་དྲག་གི་གནས་སྟངས་འོག་ཡོད་སྐོར་བརྗོད་འདུག་ལ། ད་ལྟའི་ཆར་མེ་སྐྱོན་ཤོར་བའི་རྒྱུ་རྐྱེན་ཤེས་རྟོགས་བྱུང་རྒྱུ་ཡིན་འདུག
མེ་གསོད་རུ་ཁག་གི་འགན་འཛིན་གྱིས་མེ་དེ་སྔ་དྲོའི་ཆུ་ཚོད་༧ དང་ཕྱེད་ཀ་ཙམ་ལ་ཤོར་ཡོད་པ་དང་། ཆུ་ཚོད་གསུམ་རྗེས་མེ་གསོད་ཐུབ་ཡོད་འདུག
སྨན་ཁང་དེ་ཕྱི་ལོ་༢༠༠༨ ལོར་སྒོ་འབྱེད་བྱས་པ་དང་། དེའི་ནང་ལས་བྱེད་༣༥ ཙམ་ཡོད་འདུག ཐེངས་འདིའི་མེ་སྐྱོན་གྱི་གནད་དོན་ནི་ཟླ་སྔོན་མར་ལྷོ་ཀོ་རི་ཡའི་གྲོང་ཁྱེར་གཞན་ཞིག་ནང་། སྤྱི་པའི་ལུས་སྦྱོང་ཁང་ཞིག་ལ་མེ་ཤོར་ནས་མི་གྲངས་༢༩ ཤི་བའི་རྗེས་སུ་བྱུང་བ་ཡིན་འདུག་པ་དང་། ལོ་ངོ་བཅུ་ཕྲག་ཁ་ཤས་ནང་ལྷོ་ཀོ་རི་ཡའི་མེ་སྐྱོན་གྱི་གནད་དོན་ཚབས་ཆེ་ཤོས་དེ་ཆགས་ཀྱི་ཡོད་འདུག །
གསར་འགོད་པ་སྐལ་བཟང་དོན་གྲུབ།