ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་གིས་འབྲུག་ཡུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ། 

པར་རིས་རྣམས་འབྲུག་གི་བརྒྱུད་ལམ་ཁག

འབྲུག་ཡུལ་གྱི་བརྒྱུད་ལམ་ཁག་ནས་གནས་ཚུལ་མཐོང་གསལ་ལ། ༧སྐྱབས་རྗེ་རྫོང་སར་མཁྱེན་བརྩེ་རིན་པོ་ཆེའི་བླ་བྲང་ནས་ཇི་ལྟར་གསོལ་འདེབས་ཞུས་དོན་བཞིན། 

ཟླ་བ་འདིའི་ཚེས་༩ ནས་ས་སྐྱ་༧གོང་མ་ཁྲི་ཆེན་མཆོག་འབྲུག་རྒྱལ་ཁབ་ཏུ་ཞབས་སོར་འཁོད་འདུག་པ་དང་། འདས་པའི་ཉིན་འགའི་ནང་དུ་རིན་པོ་ཆེས་མི་མང་རྣམས་ལ་ཆོས་འབྲེལ་བསྩལ་བ་དང་གནས་གཟིགས་ཕེབས་པ། ཕྱི་ཟླ་༤ ཚེས་༡༥ ཉིན་རྫོང་སར་མཁྱེན་བརྩེ་རིན་པོ་ཆེ་དང་ས་སྐྱ་༧གོང་མ་ཁྲི་ཆེན་རིན་པོ་ཆེའི་གསང་ཡུམ་བཅས་ལྷན་དུ་འབྲུག་གི་རྒྱལ་པོ་དང་བཙུན་མོར་མཇལ་འཕྲད་གནང་ཞིང་། འབྲུག་རྒྱལ་པོར་ཆེ་བསྟོད་དང་འབྲེལ་སྐུ་ཚེ་ཡུན་རིང་བརྟན་པའི་སྨོན་ལམ་བསྐྱངས་འདུག གཞན་ཡང་ཕྱི་ཚེས་༡༠ཉིན་ཞེ་ཆེན་ཐེག་མཆོག་ཆོས་ཀྱི་དགའ་ཚལ་དུ་ཕེབས་པ་དང་། སྐབས་དེར་ཨ་འཛོམ་རྒྱལ་སྲས་རིན་པོ་ཆེ་དང་། དིལ་མགོ་མཁྱེན་བརྩེ་སྐུ་གོང་མའི་སྲས་མོ་གཙོས་ཞེ་ཆེན་དགོན་པའི་མཁན་པོ་གྲྭ་བཙུན་རྣམས་ལ་མཇལ་ཁ་དང་དཔལ་ཆེན་རྡོ་རྗེ་གཞོན་ནུའི་བཀའ་བསྒོ་བཅས་བསྩལ་གནང་འདུག དེ་བཞིན་འབྲུག་གི་རྒྱལ་ས་ཐིམ་ཕུའི་ནང་རྟེན་གཞི་བྱས་པའི་ཐང་སྟོང་བདེ་བ་ཅན་བཙུན་དགོན་དུ་ཕེབས་ཏེ་ཆོས་འབྲེལ་གནང་སྐབས། ༧གོང་མ་ཁྲི་ཆེན་རིན་པོ་ཆེ་ཁོང་འབྲུག་ཡུལ་དུ་ཐེངས་དང་པོ་ཕེབས་པ་དང་། 

འབྲུག་ཡུལ་དུ་ཐོག་མར་འབྱོར་སྐབས་ཀྱི་སྣང་བ་དེ་ཞིང་ཁམས་ཤིག་ཏུ་སླེབས་པ་དང་འདྲ་བར་ཐུགས་དགྱེས་པོ་བྱུང་ཚུལ་དང་། དེ་བཞིན་གྲུབ་ཆེན་ཐང་སྟོང་རྒྱལ་པོའི་མཛད་རྣམ་དང་སྦྲགས་ཚེ་དབང་སོགས་ཀྱི་ཆོས་འབྲེལ་བསྩལ་འདུག གཞན་ཡང་འབྲུག་ལྷོ་བྲག་མཁར་ཆུ་བདུད་འཇོམས་གླིང་དང་། པད་གླིང་ཡབ་སྲས་ཀྱི་གདན་ས་འབྲུག་བུམ་ཐང་གཏམ་ཞིང་ལྷུན་གྲུབ་ཆོས་གླིང་དང་བུམ་ཐང་དཀོན་མཆོག་གསུམ་ལྷ་ཁང་བཅས་ཀྱིས་གསོལ་འདེབས་ཞུས་པ་བཞིན་ཞབས་སོར་འཁོད་དེ། པད་གླིང་ཡབ་སྲས་མཇལ་འཕྲད་དང་མི་མང་རྣམས་ལ་གྲུབ་ཆེན་ཐང་སྟོང་གི་ཚེ་དབང་སོགས་ཀྱི་ཆོས་འབྲེལ་གནང་བ་དང་གནས་གཟིགས་ཕེབས་པས་མཚོན། རིན་པོ་ཆེས་ད་ཆར་འབྲུག་ཡུལ་དུ་ཆོས་ཕྱོགས་ཀྱི་མཛད་འཕྲིན་སྐྱོང་བཞིན་པ་ཡིན་འདུག


གསར་འགོད་པ། བསྟན་འཛིན་ལམ་བཟང་། 

Search

|གླ་ཡོད་གསལ་བསྒྲགས། |

|| ཟུར་ཟའི་རི་མོ། ||