ས་སྐྱ་གོང་མར་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཕུལ་བ།

དཔལ་ལྡན་ས་སྐྱ་༧གོང་མ་བདག་ཁྲི་རིན་པོ་ཆེས་ཟླ་འདིའི་ཚེས་༡༩ ཉིན་ཨ་རི་མི་ནི་སོ་ཀྲ་རུ་ཡོད་པའི་ས་སྐྱ་ཆོས་ཚོགས་ནས་ཇི་ལྟར་གསོལ་བ་བཏབ་པ་ལྟར། ས་གནས་ཀྱི་བོད་མི་གཙོས་པའི་རྒྱ་བོད་དབྱིན་གསུམ་གྱི་འདུས་པ་ཆིག་སྟོང་ལྔ་བརྒྱ་ལས་བརྒལ་བ་ལ་རྒྱལ་བ་རིགས་གསུམ་མགོན་པོའི་བཀའ་དབང་དང་བཀའ་སློབ་བསྩལ་ཡོད་པ་རེད།

IMG_4069འབྲེལ་ཡོད་ཀྱིས་གནས་ཚུལ་འགྲེལ་བརྗོད་གནང་བ་ལྟར་ན། སྐབས་དེར་ས་གནས་བོད་རིགས་སྤྱི་མཐུན་ཚོགས་པས་གོང་མ་བདག་ཁྲི་རིན་པོ་ཆེ་ལ་བཀའ་དྲིན་རྗེས་དྲན་གྱི་གཟེངས་རྟགས་ཤིག་ཀྱང་ཕུལ་ཡོད་པ་དང་། གཟེངས་རྟགས་ཀྱི་ཡི་གེ་ནང་“མཚན་མཆོག་གསུམ་ལྡན་གྱི་གདུང་བརྒྱུད་ལས་བལྟམས་པའི་ཁམས་གསུམ་ཆོས་ཀྱི་རྒྱལ་པོ། ༧དཔལ་ལྡན་ས་སྐྱ་གོང་མ་བདག་ཁྲི་རྡོ་རྗེ་འཆང་ཆེན་པོ་༧ངག་དབང་ཀུན་དགའ་ཐེག་ཆེན་དཔལ་འབར་འཕྲིན་ལས་བསམ་འཕེལ་དབང་གི་རྒྱལ་པོ་མཆོག་གིས་བསྟན་འགྲོ་སྤྱི་དང་། བྱེ་བྲག་གངས་ཅན་བོད་ཀྱི་བསྟན་སྲིད་ལུགས་གཉིས་ལ་ཕན་པའི་མཛད་འཕྲིན་ཇི་སྙེད་ཅིག་བསྐྱངས་བར་དང་། ཁྱད་པར་དུ་སྒོ་ཀུན་ནས་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་ཕྱག་ལག་གཡས་པ་ལྟ་བུར་ཕྱག་རོགས་དཔུང་འདེགས་ཀྱིས་ས་གནས་འདིར་ཡང་ཆིབས་བསྒྱུར་བཀའ་དྲིན་ཐེངས་མང་བསྐྱངས་གནང་ཞིང་འདི་ཕྱི་གཉིས་ཕན་གྱི་བཀའ་སློབ་ལམ་སྟོན་ཟབ་མོ་ཇི་སྙེད་བསྩལ་གནང་བར་བཀའ་དྲིན་རྗེས་དྲན་མཚོན་དོད་དུ་གཟེངས་རྟགས་འདི་བཞིན་གུས་ཕུལ་ཞུས་”ཞེས་འཁོད་ཡོད་པ་རེད།

IMG_4067སྐབས་དེར་གོང་མ་བདག་ཁྲི་རིན་པོ་ཆེས་བཀའ་སླབས་གནང་དོན། “ང་རང་ག་དུས་ས་གནས་འདིར་འབྱོར་བ་ཡིནའང་ཆོས་ཚོགས་ཁག་དང་། ཚོགས་པ་སྐྱིད་སྡུག་ཁག དེ་བཞིན་མི་མང་ཡོངས་ནས་ལྷག་བསམ་རྣམ་དག་གིས་སྲོལ་རྒྱུན་གྱི་གོམས་སྲོལ་དང་མཐུན་པའི་སྣེ་ལེན་དང་གོ་སྒྲིག་ཧ་ཅང་ཟབ་རྒྱས་གནང་བ་དང་། ཁྱད་པར་དུ་ད་ལན་བོད་རིགས་སྤྱི་མཐུན་ཚོགས་པས་ང་ལ་གཟེངས་རྟགས་གནང་བར་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། འོན་ཏེ་ང་རང་ལ་དམིགས་བསལ་གྱི་གཟེངས་རྟགས་གནང་འོས་པ་གང་ཡང་མེད་ཀྱང་། ཁྱེད་རང་ཚོས་བརྩེ་བ་དང་ལྷག་བསམ་རྣམ་དག་གིས་གཟེངས་རྟགས་གནང་བར་ཧ་ཅང་དགའ་བོ་བྱུང་། ངས་བསྟན་པ་སྤྱི་དང་བྱེ་བྲག་སོ་སོ་རང་གི་ཆོས་བརྒྱུད་ཀྱི་བསྟན་རྒྱུན་ལ་ཞབས་འདེགས་ཕྲན་བུ་ཞུ་རྒྱུ་བྱུང་བ་སོགས་ལེགས་ཚོགས་ཀྱི་བྱ་བ་གང་ཞིག་བསྒྲུབ་ཐུབ་པ་ཇི་སྙེད་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོས་བླ་ན་མེད་པའི་རླབས་ཆེན་གྱི་མཛད་འཕྲིན་དང་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་བྱུང་བ་ཞིག་ལ་ངོས་འཛིན་ཞུ་རྒྱུ་ལས་ང་རང་ཉིད་ཀྱི་འཇོན་ཐང་དང་ནུས་པ་གང་ཡང་མིན། མ་འོངས་པའི་ས་སྐྱའི་བསྟན་བདག་ཁྲི་པའི་སྐོར་ལ་ང་རང་ལོ་སྔོན་མ་འདིར་ཡོང་སྐབས་༧སྐྱབས་མགོན་ཕུན་ཚོགས་ཕོ་བྲང་ཡབ་སྲས་རྣམས་དང་བཀའ་གྲོས་ཞུས་ཏེ་མ་འོངས་པའི་བསྟན་བདག་ཁྲི་པའི་སྐོར་ལ་ལམ་སྲོལ་དེ་འདྲ་ཞིག་བྱས་ན་ཡག་པོ་ཡོད་ས་རེད་ཅེས་སྙན་སེང་ཞུས་པས་ཁོང་རྣམ་པས་ཞལ་བཞེས་དང་རྒྱབ་སྐྱོར་གནང་བ་ལྟར། ལས་འགུལ་བྱེད་ཕྱོགས་སྐོར་ཡིག་ཐོག་ཏུ་བཀོད་དེ་༧གོང་ས་སྐྱབས་མགོན་ཆེན་པོ་ལ་སྙན་སེང་ཞུས་པས་ཧ་ཅང་དགྱེས་ཚོར་ཆེན་པོས་ཡག་པོ་འདུག གཏམ་བཟང་རེད་ཅེས་བསྔགས་བརྗོད་ཆེན་པོ་གནང་ཞིང་། བཀའ་ཁྲོལ་དགོངས་འཆར་ཀྱི་བཀའ་ཡིག་རིན་པོ་ཆེ་སྤྱི་བོར་ཕེབས་སོན་བྱུང་བར་བརྟེན་ས་སྐྱའི་སྨོན་ལམ་སྐབས་སུ་གསལ་བསྒྲགས་ཞུས་ཟིན་པ་ལྟར་ཡིན། སྤྱིར་བཏང་ལུགས་སྲོལ་དེ་དམིགས་བསལ་གྱི་གསར་གཏོད་འདྲ་བོ་ཞིག་གང་ཡང་མ་རེད། སྔོན་མ་ནས་ལོ་རྒྱུས་ཐོག་ཏུ་དཔལ་ལྡན་ས་སྐྱ་པའི་གྲུབ་མཐའ་དེ་ཉིད་ཐོག་མར་དབུ་བརྙེས་མཁན་དང་། བར་དུ་སྲོལ་གཏོད་མཁན། མཐའ་མ་དར་ཞིང་རྒྱས་པ་བྱེད་མཁན་ཆ་ཚང་དེ་གཙོ་བོ་འཁོན་གྱི་གདུང་བརྒྱུད་རྣམས་ཡིན་སྟབས་དེའི་ལུགས་སྲོལ་གཞི་རུ་བྱས་པ་ལས་དམིགས་བསལ་གྱི་གསར་གཏོད་རྒྱ་ཆེན་པོ་གང་ཡང་མ་རེད། དེ་ཡིན་དུས་འཁོན་གདུང་རྣམ་པས་ཁྲི་འཛིན་བྱེད་རྒྱུ་དེ་གཞིར་བཞག་རེད་ལ། ད་ལྟར་ཕོ་བྲང་ཁག་གཉིས་ཀའི་འཁོན་གདུང་རྣམ་པ་སྐུ་ཚད་རྫོགས་ཏེ་སྐུ་ཡོན་གསན་བསམ་ཡང་ཕལ་ཆེར་གྲུབ་ལ་ཉེ་བ་ཡིན་དུས། ཁོང་རྣམ་པས་ཐུགས་འགན་བཞེས་རྒྱུ་ནི་གཏན་ཁེལ་འདྲ་བོ་ཡིན་དུས་ད་ལྟར་ང་ཚོ་རྒན་པ་ཚོ་ཡོད་སྐབས་ཐུགས་འགན་བཞེས་པ་ཡིན་ན་ང་ཚོས་རྒྱུས་ཡོད་དང་གཞོགས་འདེགས་འདྲ་བྱེད་ཐུབ་རྒྱུ་རེད་བསམ་སྟེ་ཉིས་སྟོང་བཅུ་བདུན་ལོ་ནས་ཁོང་རྣམ་པས་ཐུགས་འགན་བཞེས་རྒྱུའི་དབུ་འཛུགས་བྱེད་གཏན་ཁེལ་བ་ཡིན་ཞེས་ཞར་བྱུང་དུ་ངོ་སྤྲོད་ཚུལ་དུ་ཞུས་པ་ཡིན། དེ་བཞིན་ང་རང་གི་ངོས་ནས་ད་ལྟའི་བར་དུ་བསྟན་པ་སྤྱི་དང་བྱེ་བྲག་ལ་ལྷག་བསམ་རྣམ་དག་གིས་ཞབས་ཞུས་གང་ཐུབ་བྱས་པ་དང་། ཁྱད་པར་དུ་༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོའི་དགོངས་གཞི་དང་དགོངས་ཕྱོགས་ལ་གང་ཐུབ་ཀྱིས་ཉིན་མཚན་དུས་ཀུན་ཏུ་ལུས་ངག་ཡིད་གསུམ་གྱི་སྒོ་ནས་འབད་བརྩོན་བྱེད་དགོས་ཞེས་གཞན་ལ་བསླབ་བྱ་དང་འབོད་བསྐུལ་ཞུ་བཞིན་ཡོད་ལ་གཞན་ལ་བསླབ་བྱ་བྱས་པ་ནང་བཞིན་རང་ངོས་ནས་ཀྱང་གང་ཐུབ་བསྒྲུབ་དགོས་རྒྱུ་དེ་གལ་ཆེན་པོ་ཡིན་སྟབས་གང་ཐུབ་ཀྱི་འབད་བརྩོན་བྱེད་བཞིན་ཡོད། ༧སྤྱི་ནོར་གོང་ས་སྐྱབས་མགོན་ཆེན་པོ་ཁོང་ནི་བོད་ཆོས་སྲིད་གཉིས་ཀྱི་དབུ་ཁྲིད་བཀའ་དྲིན་བླ་ན་མེད་པ་ཞིག་ཡིན་པ་མ་ཟད། ང་རང་སྒེར་ངོས་ནས་ཆུང་དུས་ནས་མདོ་སྔགས་ཀྱི་གསུང་ཆོས་མང་པོ་ཞུས་ཏེ་རྩ་བའི་བླ་མ་གལ་ཆེ་ཤོས་ཤིག་ཡིན་སྟབས། བླ་མའི་བཀའ་བསྒྲུབ་རྒྱུ་ནི་སྤྱིར་ནང་པ་སངས་རྒྱས་པ་དང་ཁྱད་པར་གསང་སྔགས་རྡོ་རྗེ་ཐེག་པའི་ནང་དུ་དངོས་གྲུབ་ཐམས་ཅད་ཀྱི་རྩ་བ་དེ་བླ་མ་ཡིན་པར་གསུངས་ཡོད་སྟབས་བླ་མའི་བཀའ་བསྒྲུབ་རྒྱུ་དེ་གལ་ཆེ་ཤོས་ཆགས་ཡོད་དུས་ང་རང་ངོས་ནས་དེ་བཞིན་ཞུ་བཞིན་ཡོད་ལ་ཞུ་རྒྱུའང་ཡིན།” ཞེས་སོགས་ཀྱིས་བླང་དོར་གྱི་བཀའ་སློབ་གནང་ཡོད་པ་རེད།།
གསར་འགོད་པ་ཆོས་ཉིད་འོད་ཟེར།