སི་ཝེ་ཌན་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་ཆེད་ཏུར་ཀིའི་མངོན་འདོད་ལ་རྒྱབ་སྐྱོར། 


ཁ་སང་སི་ཝེ་ཌན་རྒྱལ་ཁབ་བྱང་ཆིངས་སྒྲིགས་འཛུགས་ཁོངས་སུ་འཛུལ་ཐུབ་ཆེད་ཏུར་ཀིའི་འདོད་མོས་ལྟར། སི་ཝེ་ཌན་ནང་ཡོད་པའི་ཁར་ཌི་ཤི་(Kurdish)མི་རིགས་གྱེན་ལོག་པ་དང། མྱོས་རྫས་ཚོང་འགྲེམས་བྱེད་མཁན་མི་ཞིག་སི་ཝེ་ཌན་གཞུང་གིས་ཕྱིར་ཏུར་ཀི་ལ་སྤྲོད་རྒྱུར་ངོས་ལེན་བྱས་ཡོད་འདུག

ཟླ་འདིའི་ཕྱི་ཚེས་༡༢ ཉིན་རྒྱ་གར་གྱི་(wion)གསར་ཁང་གི་གནས་ཚུལ་ལྟར་ན། སི་ཝེ་ཌན་ནང་ཡོད་པའི་ཏུར་ཀིའི་མི་རིགས་ཁ་ཌི་ཤི་གྱེན་ལོག་ཤོག་ཁག་གི་རྒྱབ་སྐྱོར་བ་དང་།  ཁར་ཌི་སི་ཐན་ངལ་རྩོལ་སྲིད་དོན་ཚོགས་པ་ལ་(Kurdistan Workers party) རྒྱབ་སྐྱོར་བྱེད་མཁན། དེ་བཞིན་མྱོས་རྫས་ཚོང་འགྲེམས་བྱེད་མི་ཞིག་སེ་ཝི་ཌན་གཞུང་གིས་ཕྱིར་ཏུར་ཀི་ལ་སྤྲོད་རྒྱུར་གྲོས་མཐུན་བྱུང་ཡོད་པ་དང་། 

དེ་ཡང་ཉེ་ཆར་སི་ཝེ་ཌན་དང་ཏུར་ཀི་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་རྣམས་མཇལ་འཛོམས་ཤིག་བྱས་ཡོད་པ་དང། སྐབས་དེར་གྲོས་མཐུན་བྱུང་བ་ཞིག་ལ་སི་ཝེ་ཌན་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་མ་འཛུལ་སྔོན་དུ། སི་ཝེ་ཌན་ནང་བྱང་ཆིངས་སྒྲིག་འཛུགས་ཀྱི་དམག་གི་རྟེན་གཞི་འཛུགས་རྒྱུར་མོས་མཐུན་བྱུང་ཡོད་འདུག་ལ། བྱང་ཆིངས་སྒྲིག་འཛུགས་དང་སི་ཝེ་ཌན་གྱི་བདེ་སྲུང་དམག་མིའི་བར་དམག་སྦྱོང་བྱེད་རྒྱུ་ཡིན་འདུག 

ཏུར་ཀི་གཞུང་ལ་ཕྱིར་སྤྲོད་བྱེད་རྒྱུའི་མི་དེ་སུ་ཡིན་ནམ། 

སི་ཝེ་ཌན་གྱི་ཁྲིམས་ཞིབ་ལྷན་ཁང་གི་ལས་བྱེད་ཨ་ཤེར་ར་ཕོ་( Ashraf Ahmed) ཡིས་བརྗོད་དོན་ལ། སི་ཝེ་ཌིན་གཞུང་གིས་ཏུར་ཀིའི་མི་སེར་ཡིན་པའི་སྐྱེས་པ་རང་ལོ་༣༥ ཅན་ཞིག་གིས་མྱོས་རྫས་ཚོང་འགྲེམས་བྱས་པའི་ཉེས་མིང་འོག་འཇུ་བཟུང་བྱས་ཡོད་པ་དང་། སི་ཝེ་ཌན་གྱི་ཁྲིམས་ཁང་ནས་འདི་ལོར་ཕྱིར་ཏུར་ཀིའི་རྒྱལ་ཁབ་ལ་རྩིས་སྤྲོད་བྱེད་རྒྱུའི་གྲོས་མཐུན་བྱུང་ཡོད་ཚུལ་བརྗོད་འདུག མི་དེའི་མིང་དངོས་སུ་སྨྲས་མེད་འདུག་ཀྱང་། ཕྱི་ལོ་༢༠༡༤ ནང་མི་དེས་ཏུར་ཀིའི་ནང་དུ་མྱོས་རྫས་ཚོང་འགྲེམས་ཕོན་ཆེན་བྱས་པར་བརྟེན། ཏུར་ཀི་གཞུང་གིས་འཛིན་བཟུང་བྱས་ནས་ལོ་བཞི་དང་ཟླ་བ་བདུན་རིང་བཙོན་བཅུག་བྱས་ཡོད་པ་དང་། ཕྱིས་སུ་ཁོ་གློད་བཀྲོལ་ཐོབ་རྗེས་སི་ཝེ་ཌན་ལ་ཡོང་ཡོད་ཀྱང་།  ད་ཆར་མི་དེ་ཏུར་ཀིའི་གཞུང་གིས་ཕྱིར་སྤྲོད་དགོས་ཚུལ་རྗོད་བཞིན་ཡོད་འདུག རྒྱུ་མཚན་ནི་མི་དེས་ཏུར་ཀིའི་ནང་ཡོད་པའི་ཁར་ཌི་ཤི་མི་རིགས་གྱེན་ལོག་པ་དང་འབྲེལ་བ་ཤུགས་ཆེན་ཡོད་ཚུལ་བརྗོད་པ་མ་ཟད། མི་མང་དམངས་གཙོ་ཚོགས་པ་དང་ཁར་ཌི་སི་ཐན་ངལ་རྩོལ་སྲིད་དོན་ཚོགས་པ་གཉིས་ལ་ཡང་རྒྱབ་སྐྱོར་ཤུགས་ཆེན་བྱེད་མཁན་ཞིག་ཡིན་ཚུལ་བརྗོད་འདུག སྲིད་དོན་ཚོགས་པ་དེ་གཉིས་ནི་ཏུར་ཀིའི་ནང་ཡོད་པའི་ཁར་ཌི་ཤི་མི་རིགས་གྱེན་ལོག་ཤོག་ཁག་ལ་རྒྱབ་སྐྱོར་བྱེད་མཁན་ཡིན་ཞིང། ཁར་ཌི་ཤི་མི་རིགས་ནི་ཨི་རན་གྱི་མི་རིགས་ཡིན་པ་དང། མི་རིགས་དེ་ཡིས་ཏུར་ཀི་ལས་ལོག་ཏུ་རང་བཙན་རྩོད་ཀྱི་ཡོད་འདུག རྒྱུ་མཚན་དེ་དག་ལ་བརྟེན་ནས་ཏུར་ཀིའི་གཞུང་གིས་སི་ཝེ་ཌན་གྱིས་ཁར་ཌི་ཤི་མི་རིགས་ཀྱི་གྱེན་ལོག་པ་ལ་རྒྱབ་སྐྱོར་བྱེད་པ་ནི་འཇིགས་སྐུལ་བར་རྒྱབ་སྐྱོར་བྱས་པ་རེད་ཅེས་བརྗོད་ནས་སི་ཝེ་ཌན་བྱང་ཆིགས་སྒྲིག་འཛུགས་ཀྱི་ཁོངས་སུ་འཛུལ་རྒྱུར་ངོ་རྒོལ་བྱེད་ཀྱི་ཡོད་འདུག ཨུ་རུ་སུས་ཡུག་རེན་ལ་དམག་བརྒྱབས་པ་ནས་བཟུང་ཡུ་རོབ་རྒྱལ་ཁབ་མང་པོ་ཞིག་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་རྒྱུར་སྙན་ཞུ་འབུལ་བཞིན་ཡོད་པ་དང་། བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་བ་ལ་ཚོགས་མི་རྒྱལ་ཁབ་༣༡ ཚང་མས་ངོས་ལེན་ཡོད་དགོས་འདུག དེའི་ནང་ནས་གཅིག་སི་ཝེ་ཌན་ཡིན་ཡང་ད་བར་ཏུར་ཀིའི་གཞུང་གིས་ངོས་ལེན་བྱས་མེད་པ་རེད། སི་ཝེ་ཌན་བྱང་ཆིངས་སྒྲིག་འཛུགས་ཁོངས་སུ་འཛུལ་ཐུབ་ཆེད་བྱང་ཆིངས་སྒྲིག་འཛུགས་ཀྱི་གཙོ་འཛིན་རྗེད་སི་སི་ཌ་སྦ་གི( Jens Stoltenberg)ཡིས་ཏུར་ཀིའི་གཞུང་ལ་གནོན་ཤུགས་ཆེན་པོ་སྤྲོད་བཞིན་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།