སུད་སིར་སྐབས་དང་པོའི་བོད་ཀྱི་དུས་སྟོན་འཚོགས་འདུག


ཟླ་འདིའི་ཕྱི་ཚེས་ ༡༦ རེས་གཟའ་སྤེན་པའི་ཉིན་ཡུ་རོབ་ཀྱི་རྒྱབ་ཁབ་སུད་སིའི་ས་གནས་ཝིན་དྷུ་ཐུ་རུ་༧རྒྱལ་བའི་མཛད་རྣམ་ངོ་སྤྲོད་དང་། བློ་སྦྱོང་སྒོམ་ཁྲིད།  རིག་གཞུང་འཁྲབ་སྟོན། བོད་ཀྱི་ཟས་རིགས་དང་དངོས་ཆས་ཁྲོམ་སྟོན།  དཀྱིལ་འཁོར་བཞེངས་བསྐྲུན་དང་། བོད་ཀྱི་རྒྱན་གོས་གཤོམ་སྟོན་སོགས་བྱེད་སྒོའི་རྣམ་གྲངས་སྣ་ཚོགས་པའི་བོད་ཀྱི་དུས་སྟོན་ཞིག་ཟབ་རྒྱས་ངང་སྐོང་ཚོགས་བྱས་འདུག སྐབས་དང་པོའི་སུད་སི་བོད་ཀྱི་དུས་སྟོན་འདི་ནི།
མཁར་འཕགས་དང་བསམ་འགྲུབ་བཀྲ་ཤིས་གཉིས་ཀྱིས་ཕྱི་རྒྱལ་ཚོགས་པ་ཞིག་དང་ཟུང་འབྲེལ་ཐོག་གོ་སྒྲིག་བྱས་ཤིང་། དུས་སྟོན་དེའི་ཐོག་རྒྱ་གར་ནས་བོད་ཀྱི་དཔེ་མཛོད་ཁང་གི་འགན་འཛིན་དགེ་བཤེས་ལྷག་རྡོར་ལགས་གདན་འདྲེན་ཞུས་ཏེ་ཁོང་གིས་སྒོམ་དང་བློ་སྦྱོང་ངོ་སྤྲོད་གནང་ཞིང་། ༧རྒྱལ་བའི་མཛད་རྣམ་དང་། ༧སྐུའི་གོ་སྟོན་སོགས་ཀྱི་སྐོར་ནས་གསུང་བཤད་གནང་བ་དང་། བལ་ཡུལ་ནས་གདན་དྲངས་པའི་གཞས་པ་སོག་ཤོད་དར་རྒྱས་དང་། ཡུ་རོབ་གནས་བཞུགས་གཞས་པ་བློ་བཟང་བདེ་ལེགས། གཞས་མ་རྣམ་རྒྱལ་ལྷ་མོ་སོགས་སྒྱུ་རྩལ་བ་ཁག་ཅིག་གིས་གླུ་གཞས་ཀྱི་ལམ་ནས་བོད་ཀྱི་རིག་གཞུང་དང་སྒྱུ་རྩལ་ངོ་སྤྲོད་བྱས་འདུག

གཞན་ཡང་། དུས་སྟོན་དེའི་ཐོག་ཡུལ་དངོས་མང་ཚོགས་ལ་དཀྱིལ་འཁོར་བཞེངས་བསྐྲུན་བྱེད་ལུགས་སྤྱན་འབུལ་གནང་བ་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་དངོས་ཆས་འདྲ་མིན་དང་ཟས་རིགས་སྣ་ཚོགས་ཁྲོམ་སྟོན་བྱས་པ་མ་ཟད་བོད་ཀྱི་ཡུལ་ལུང་འདྲ་མིན་གྱི་རྒྱན་གོས་སྣ་ཚོགས་གཤོམ་སྟོན་བྱས་པ་སོགས་བོད་ཀྱི་རིག་གནས་དང་ཡུལ་སྲོལ་གོམས་གཤིས་ཁྱབ་སྤེལ་བྱེད་པའི་བྱེད་སྒོའི་རྣམ་གྲངས་དུ་མ་ཞིག་སྤེལ་འདུག

དུས་སྟོན་གོ་སྒྲིག་བྱེད་མཁན་མཁར་འཕགས་ལགས་ཀྱིས་དུས་སྟོན་དེའི་དགོས་དམིགས་དང་རྒྱབ་ལྗོངས་སོགས་འགྲེལ་བརྗོད་གནང་དོན་ལ། ང་ཚོས་དུས་ཡུན་རིང་པོར་ངལ་བ་ཁྱད་བསད་ཀྱིས་དུས་སྟོན་དེ་འདྲ་ཞིག་གོ་སྒྲིག་བྱེད་དགོས་པའི་དགོས་དམིགས་
གཙོ་བོ་ནི། ད་ལོ་༧སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་སྐུའི་གོ་སྟོན་གྱི་ལོ་ཡིན་པར་བརྟེན། ལས་གཞི་དེ་ནི་གོ་སྟོན་སྲུང་བརྩི་ཞུ་བའི་ཆ་ཤས་ཤིག་ཡིན་པ་དང་། ད་ལོ་ནས་བཟུང་ལོ་ལྟར་དེ་འདྲའི་དུས་སྟོན་ཞིག་མུ་མཐུད་གྲ་སྒྲིག་ཐུབ་ཐབས་བྱས་ཏེ་ས་གནས་ཡུལ་མི་ཚོར་དགའ་སྤྲོའི་ལམ་ནས་༧གོང་ས་མཆོག་གི་རླབས་ཆེན་མཛད་དགོངས་དང་། བོད་ཀྱི་ཐུན་མོང་མ་ཡིན་པའི་ཡུལ་སྲོལ་གོམས་གཤིས་དང་རིག་གཞུང་ངོ་སྤྲོད་ཞུ་ཐབས་བྱ་རྒྱུའི་དམིགས་ཡུལ་བཟུང་ཡོད་པ་མ་ཟད། དུས་སྟོན་དེ་བརྒྱུད་ནས་ས་གནས་དེར་གནས་པའི་བོད་མི་གཞོན་རབས་རྣམས་ལའང་སྤྲོ་སྐྱིད་ཀྱི་རྣམ་པའི་སྒང་ནས་རང་གི་རིག་གཞུང་དང་ཡུལ་སྲོལ་གོམས་གཤིས་ལ་རྒྱུས་ལོན་དང་དགའ་ཞེན་བསྐྱེད་རྒྱུའི་དམིགས་ཡུལ་ཡོད་ཚུལ་གསུངས་སོང་།

གཞི་རྒྱ་ཆེ་བའི་བོད་ཀྱི་དུས་སྟོན་དེ་འདྲ་ཞིག་སུད་སིར་འཚོགས་པ་ཐེངས་དང་པོ་ཡིན་ཞིང་དུས་སྟོན་ཁར་བོད་མི་དང་ས་གནས་ཡུལ་མི་སུམ་བརྒྱ་ནས་བཞི་བརྒྱ་བར་འཛོམས་ཏེ། སྔ་དྲོའི་ཆུ་ཚོད་བཅུ་པ་ནས་དགོང་མོའི་ཆུ་ཚོད་
བཅུ་གཅིག་བར་ཉིན་ཧྲིལ་པོར་བྱེད་སྒོ་འདྲ་མིན་ནང་ཚ་ཚ་འུར་འུར་གྱིས་མཉམ་ཞུགས་བྱས་འདུག བོད་མི་མང་པོས་རང་ཡུལ་དུ་སླེབས་པའི་ཚོར་བ་སྐྱེས་བྱུང་ཞེས་ཡི་རངས་དང་བསྟོད་བསྔགས་བྱས་འདུག་ཅིང་།
ས་གནས་ཡུལ་མི་མང་པོས་ངོ་མཚར་བའི་བོད་ཀྱི་ཡུལ་སྲོལ་གོམས་གཤིས་དང་རིག་གནས་སྒྱུ་རྩལ་ལ་མྱོང་རོལ་ཐུབ་པར་དགའ་པོ་བྱུང་ཚུལ་བཤད་འདུག

མཁར་འཕགས་ལགས་ཀྱིས་གནས་ཚུལ་མཁོ་སྤྲོད་གནང་།