སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་ལ་དཔྱད་པ་ཞེས་པའི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་དབུ་འཛུགས། 

བོད་ཀྱི་བང་ཆེན་གྱི་པར།

༧གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་སྦྲེལ་ཐོག །སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་ལ་དཔྱད་པ་ཞེས་པའི་བརྗོད་གཞིའི་སྐོར་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་དབུ་འཛུགས།
ཕྱི་ཚེས་༢༢ ཉིན་ལྷ་རྒྱལ་རི་ལ་ཡོད་པའི་༧ གོང་ས་ཏཱ་ལའི་བླ་མ་དཔེ་མཛོད་དང་ཡིག་ཚགས་ཁང་དུ་ཏཱ་ལའི་བླ་མའི་དགེ་རྩ་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གཉིས་མཉམ་སྦྲེལ་ཐོག སྒོམ་སྒྲུབ་ཉམས་ལེན་གྱི་ཕན་ཡོན་ལ་དཔྱད་པ་ཞེས་པའི་བརྗོད་གཞི་ཐོག་ཉིན་བཞིའི་རིང་གི་ཞིབ་འཇུག་ཚོགས་འདུ་དང་ཟབ་སྦྱོང་དབུ་འཛུགས་གནང་སོང་། ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི(Compassion Centre)ཟེར་བའི་ཐེབས་རྩ་ཁང་གི་འགན་འཛིན་སློབ་དཔོན་བློ་བཟང་བསྟན་འཛིན་གྱིས་བརྗོད་དོན་ལ། ཐེངས་འདིའི་ཚོགས་འདུའི་ཐོག་ལ་ལས་འཆར་གཉིས་སྤེལ་རྒྱུ་ཡིན་པ་དང་།  ལས་འཆར་དང་པོ་དེ་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་དང་བོད་ཀྱི་ཚན་རིག་ལས་གཞི། གཉིས་པ་དེ་རྒྱ་གར་ནང་(The Piramal Foundation)ཟེར་བའི་ཐེབས་རྩ་ཁང་དེས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་རྒྱ་གར་ནང་ལས་གཞི་སྤེལ་ནས། ད་ལྟ་བར་སློབ་གྲྭ་འབུམ་གཅིག་ཙམ་ཞིག་གིས་ལས་གཞི་དེ་དངོས་སུ་ལག་བསྟར་བྱེད་ཀྱི་ཡོད་པ། དེ་བཞིན་ཧི་མ་ཅལ་མངའ་སྡེ་དེ་༧གོང་ས་མཆོག་གི་བཞུགས་གནས་ཡིན་པའི་ཆ་ནས། དེ་རིང་གི་ཚོགས་འདུ་འདི་ཧི་མ་ཅལ་མངའ་སྡེའི་ཤེས་རིག་ལས་ཁུངས་དང་(The Piramal Foundation)ཟེར་བའི་ཐེབས་རྩ་ཁང་དེ་གཉིས་མཉམ་འབྲེལ་བྱས་ནས། ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་སྐོར་གྱི་བསླབ་གཞི་དེ་ཧི་མ་ཅལ་གྱི་གཞུང་འབྲེལ་གྱི་སློབ་གྲྭ་ཁག་ནང་ལས་གཞི་སྤེལ་འཆར་ཡོད་པར་ཡང་བརྗོད་སོང་།

བོད་ཀྱི་བང་ཆེན་གྱི་པར།

དེ་བཞིན་དེ་རིང་གི་ཚོགས་འདུ་མ་འཚོགས་སྔོན་དུ་(The Piramal Foundation)་ཟེར་བའི་ཐེབས་རྩ་ཁང་གི་འགན་འཛིན་དང་ཨེ་མོ་རི་གཙུག་ལག་སློབ་གཉེར་ཁང་གི་འགན་འཛིན་སོགས་ལ་མཇལ་ཁ་གནང་ཡོད་འདུག མཇལ་ཁའི་སྐབས་སུ་༧གོང་ས་མཆོག་ནས་བྱམས་པ་དང་སྙིང་རྗེ་གཉིས་ཧ་ཅང་གིས་གལ་ཆེན་པོ་ཡིན་པ་དང་། འཛམ་གླིང་ནང་ཆོས་ལུགས་མི་འདྲ་བ་དང་ལྟ་གྲུབ་མི་འདྲ་བ་མང་པོ་ཡོད་ཀྱང་། ཚང་མས་བྱམས་པ་དང་སྙིང་རྗེའི་སྐོར་གསུང་གི་ཡོད་པས། ད་ཆར་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་བསླབ་གཞི་འདི་དེང་དུས་ཀྱི་སྤྱི་ཚོགས་སུ་དགོས་མཁོ་ཆེན་པོ་ཡོད་པར་གསུངས་ཡོད་འདུག ཐེངས་འདིའི་ཚོགས་འདུ་དེ་གཙོ་བོ་ཨེ་མོ་རི་གཙུག་ལག་སློབ་ཁང་དང་། བོད་ཀྱི་ཚན་རིག་ལས་གཞི་གཉིས་ཀྱི་ལས་འཆར་ཡིན་པ་དང་། ལས་གཞི་དེ་འགོ་བཙུགས་ནས་ལོ་མང་པོ་ཕྱིན་པར་བརྟེན། ད་ཆར་བོད་ཀྱི་དགོན་སྡེ་ཁག་ནས་གྲྭ་བཙུན་རྣམས་ཀྱིས་བརྗོད་གཞི་འདྲ་མིན་ཐོག་ཉམས་ཞིབ་བྱས་ནས་ཚོགས་འདུའི་ཐོག་དཔྱད་རྩོམ་འདོན་གྱི་ཡོད་འདུག ཚོགས་འདུ་ཡི་ཉིན་མཐའ་མ་དེ་རྒྱལ་བའི་ཕོ་བྲང་ནང་ཚོགས་འཆར་ཡོད་འདུག ཐེངས་འདིའི་ཚོགས་འདུའི་ཐོག་རྒྱ་གར་བ་དང་བོད་མི་སྐྱ་སེར་མང་པོ་ཕེབས་གནང་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།