སྤྱི་འཐུས་རྒྱུན་ལས་རྣམ་པས་རྒྱ་གར་དབུས་ཀྱི་བློན་ཆེན་དང་གྲོས་ཚོགས་གོང་འོག་གི་འཐུས་མི་སོགས་མཇལ་འཕྲད།
རྒྱ་གར་དབུས་གཞུང་དགུན་དུས་གྲོས་ཚོགས་འཚོགས་བཞིན་པ་དང་སྟབས་བསྟུན་ནས་རྒྱལ་ས་ལྡི་ལི་ནང་བོད་མི་མང་གི་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་རྒྱུན་ལས་སྐུ་ཚོགས་ཆུང་གིས་རྒྱ་གར་གྱི་དབུས་གཞུང་གི་བློན་ཆེན་ཁག་དང་གྲོས་ཚོགས་འཐུས་མི་གང་མང་ཞིག་དང་མཇལ་འཕྲད་གནང་འདུག

ཕྱི་ཚེས་༢༠༢༥ ཟླ་བ་༡༢ ཚེས་༡༧ ཉིན་བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་རྒྱ་ཐོག་ཏུ་གནས་ཚུལ་སྤེལ་དོན་ལ། རྒྱ་གར་རྒྱལ་ས་ལྡི་ལིར་དགུན་ཁའི་གྲོས་ཚོགས་འཚོགས་བཞིན་པའི་སྐབས་དང་བསྟུན། དཔལ་ལྡན་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་གཙོས་པའི་བོད་མི་མང་སྤྱི་འཐུས་རྒྱུན་ལས་རྣམ་པ་ཚོགས་ཆུང་གསུམ་ལ་ཆ་བགོས་ཀྱིས་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་པ་ལྟར། ཕྱི་ལོ་༢༠༢༥ ཟླ་བ་༡༢ ཚེས་༡༦ ཉིན་བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་ནས་རྒྱ་གར་དབུས་གཞུང་གི་བློན་ཆེན་གཉིས་དང་། མངའ་སྡེ་ཁག་མི་འདྲ་བ་བདུན་དང་། སྲིད་དོན་ཚོགས་པ་ཁག་མི་འདྲ་བ་ལྔ་ནས་རྒྱ་གར་དབུས་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་སོགས་དང་ལྷན་སོ་སོར་མཇལ་འཕྲད་ཀྱིས་མུ་མཐུད་བོད་དོན་ཞུ་སྐུལ་གནང་བཞིན་ཡོད་འདུག དེ་ཡང་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོས། ༡) ཨ་རུ་ན་ཅལ་མངའ་སྡེ་ནས་ཡིན་པ་རྒྱ་གར་དབུས་གཞུང་གི་གྲོས་ཚོགས་ལས་དོན་དང་འབྲེལ་བའི་བློན་ཆེན་སྐུ་ཞབས་ཀི་རེན་ རི་ཇི་ཇུ་ (Kiren Rijiju)དང་། ༢) ཡུ་པི་མངའ་སྡེ་ནས་ཡིན་པ་ས་མ་ཇ་ཝ་ཏི་སྲིད་དོན་ཚོགས་པའི་ (Samajwadi Party) རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཝི་རེན་དྷར་ སིངྒ་ (Shri Virendra Singh, MP Lok Sabha) ༣) མ་ནི་པུར་མངའ་སྡེ་ནས་ཡིན་པ་ཀོང་རེ་སི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨན་གྷུམ་ཆ་ བྷི་མོལ་ ཨ་ཀོཡེ་ཇམ་ (Shri Angomcha Bimol Akoijam, MP Lok Sabha) ༤) ནུབ་བྷེང་གྷལ་མངའ་སྡེ་ནས་ཡིན་པ་ Trinamool Congress སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཡོ་སོབ་ ཁན་ པ་ཊན་ (Shri Yusuf Khan Pathan, MP Lok Sabha) ༥) ཡུ་པི་མངའ་སྡེ་ནས་ཡིན་པ་ས་མ་ཇ་ཝ་ཏི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཨུ་ཊ་ཀར་ཤི་ ཝར་མ་ (Shri Utkarsh Verma, MP Lok Sabha)བཅས་དང་ལྷན་རིམ་པས་མཇལ་འཕྲད་གནང་ཡོད་འདུག
བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པས། བྷི་ཧར་མངའ་སྡེ་ནས་ཡིན་པ་ཇེ་ཌི་ཡུ་ (JDU) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་དྷི་ལེ་ཤི་ཝར་ ཀ་མཏ་ (Shri Dileshwar Kamait, MP Lok Sabha)དང་ལྷན་མཇལ་འཕྲད་གནང་ཡོད།
བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པས། ༡) ལྡི་ལི་མངའ་སྡེ་ནས་ཡིན་པ་རྒྱ་གར་དབུས་གཞུང་གི་འགྲིམ་འགྲུལ་བློན་ཆེན་གཞོན་པ་ཧར་ཤི་ མཱ་ལོ་ཏ་ར་ (Shri Harsh Malhotra)དང་། ༢) བྷི་ཧར་མངའ་སྡེ་ནས་ཡིན་པ་ཇེ་ཌི་ཡུ་ (JDU) སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་འོག་མའི་འཐུས་མི་སྐུ་ཞབས་ཀའོ་ཤལ་ལན་དྷ་ར་ ཀུ་མར་ (Shri Kaushalendra Kumar, MP Lok Sabha) ༣) འབྲས་ལྗོངས་མངའ་སྡེ་ནས་ཡིན་པ་བྷི་ཇེ་པའི་སྲིད་དོན་ཚོགས་པའི་རྒྱ་གར་གྲོས་ཚོགས་གོང་མའི་འཐུས་མི་སྐུ་ཞབས་རྡོ་རྗེ་ཚེ་རིང་ལེབ་ཅ་ (Shri Dorjee Tshering Lepcha)བཅས་དང་ལྷན་རིམ་པས་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་འདུག གཞན་ཡང་ཚོགས་ཆུང་དང་པོས་རྒྱ་གར་རྒྱལ་ཡོངས་གྲངས་ཉུང་མི་རིགས་མང་གཙོའི་གླེང་སྟེགས་ (All India Minorities Forum for Democracy) ཞེས་པའི་ཚོགས་གཙོ་ཨ་མར་ རི་ཛི་ཝི་ (Shri Dr Amar Rizvi)དང་། ཇིའུ་མཆོད་ཁང་ Judah Hyam Synagogue ཞེས་པའི་མཆོད་དཔོན་ར་བྷི་ ཨི་ཛེ་ཀེལ་ ཨི་སཀ་ མ་ལེ་ཀར་ (DR.(Rabbi) Ezekiel Isaac Malekar)ཡེ་ཤུའི་ Association of Catholic Enquiry Centres-India ཞེས་པའི་ཚོགས་གཙོ་སྐུ་ཞབས་ནོར་བྷར་ཊི་ ཧར་མན་ (Rev. Dr. Fr. Norbert Herman)བཅས་དང་ལྷན་མཇལ་འཕྲད་གནང་ཡོད། འདུག
བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་བོད་དོན་ཞུ་སྐུལ་ཚོགས་ཆུང་དང་པོའི་ནང་དཔལ་ལྡན་བོད་མི་མང་སྤྱི་འཐུས་ཚོགས་གཙོ་མཁན་པོ་བསོད་ནམས་བསྟན་འཕེལ་དང་། སྤྱི་འཐུས་བསྟན་པ་ཡར་འཕེལ། སྤྱི་འཐུས་དགེ་བཤེས་རྔ་བ་གངས་རི་བཅས་དང་། བོད་དོན་ཞུ་སྐུལ་ཚོགས་ཆུང་གཉིས་པའི་ནང་སྤྱི་འཐུས་འཇུ་ཆེན་དཀོན་མཆོག་ཆོས་སྒྲོན་དང་། སྤྱི་འཐུས་དགེ་བཤེས་ལྷ་རམས་པ་ཨ་ཀྲུག་ཚེ་བརྟན། སྤྱི་འཐུས་དགེ་བཤེས་ཨ་ཀྲོང་རིན་ཆེན་རྒྱལ་མཚན། བོད་དོན་ཞུ་སྐུལ་ཚོགས་ཆུང་གསུམ་པའི་ནང་སྤྱི་འཐུས་གསེར་རྟ་ཚུལ་ཁྲིམས་དང་། སྤྱི་འཐུས་ཙ་ནེ་ཚང་དོན་གྲུབ་བཀྲ་ཤིས། སྤྱི་འཐུས་སློབ་དཔོན་ཐུབ་བསྟན་རྒྱལ་མཚན། སྤྱི་འཐུས་ཚེ་རིང་དབྱངས་ཅན་ལགས་བཅས་ཡོད་པ་རེད་འདུག
མཇལ་འཕྲད་སྐབས་བོད་མི་མང་སྤྱི་འཐུས་རྒྱུན་ལས་ཀྱི་སྐུ་ཚབ་ཚོགས་ཆུང་ནས་ཐོག་མར་རྒྱ་གར་གཞུང་མང་གཉིས་ནས་ད་བར་བོད་དོན་ཐོག་རྒྱབ་སྐྱོར་ཤུགས་ཆེ་གནང་བར་ཐུགས་རྗེ་ཆེ་ཞུས་པ་དང་སྦྲགས་གཙོ་བོ་གསུང་དོན། རྒྱ་ནག་དམར་གཞུང་གིས་བོད་ནང་མུ་མཐུད་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པར། བོད་མི་རྣམས་བཟོད་ཐབས་བྲལ་ཏེ་འ་ཆད་འུ་ཐུག་གིས་ཕྱི་ལོ་༢༠༠༩ ནས་ད་བར་བོད་མི་གྲངས་༡༥༧ གྱིས་རང་ལུས་མེར་སྲེག་བཏང་ཡོད་པའི་སྐོར་དང་། བོད་ཕྲུག་རྣམས་བཙན་ཤེད་ཐོག་རྒྱ་གཞུང་གི་གཏན་འཇགས་སློབ་གྲྭའི་ནང་སློབ་འཇུག་བྱེད་བཅུག་པ་སོགས་བོད་ཀྱི་ཆོས་དང་། རིག་གཞུང་། སྐད་ཡིག མི་རིགས་ཀྱི་ངོ་བོ་དང་བཅས་པ་ཉམས་དམས་རྩ་བརླག་ཏུ་གཏོང་རྒྱུའི་དམིགས་ཡུལ་བཟུང་བའི་ཐོག བོད་རིགས་རྣམས་རྒྱ་རིགས་ནང་མཉམ་བསྲེས་གཏོང་བཞིན་ཡོད་པ། བྱིས་པ་ཚུན་ཆད་ཀྱི་རིགས་རྫས་བསྡུ་ལེན་དང་། ལྟ་སྲུང་བརྙན་མིག་གང་སར་བཙུགས་ནས་བོད་མིའི་འགུལ་བསྐྱོད་ཡོངས་རྫོགས་ལ་དམ་དྲག་བྱེད་བཞིན་པ། ཉེ་ཆར་ཁམས་རྫ་ཆུ་ཁ་ཀ་བཞི་སྡེ་བ་རུ་རྒྱ་དམར་གཞུང་གིས་གཏེར་ཁ་སྔོག་འདོན་བྱས་པར་ས་གནས་བོད་མིས་ཞུ་སྐུལ་བྱེད་སྐབས། རྒྱ་གཞུང་གིས་བོད་མི་གྲངས་བརྒྱད་ཅུ་ལྷག་འཛིན་བཟུང་བཀའ་ཉར་བྱས་པ་སོགས་ད་ལྟའི་བོད་ནང་གི་ཛ་དྲག་གནས་སྟངས་སྐོར་ཞིབ་ཕྲ་ངོ་སྤྲོད་དང་འབྲེལ། བོད་འདི་ལོ་རྒྱུས་ཐོག་རང་བཙན་གཙང་མའི་རྒྱལ་ཁབ་ཅིག་ཡིན་པ་དང་ད་ལྟའི་ཆར་རྒྱའི་བཙན་འོག་ཏུ་ཡོད་པ། བོད་རྒྱའི་དཀའ་རྙོག་སེལ་ཐབས་སླད་བོད་རྒྱ་འབྲེལ་མོལ་སླར་གསོ་ཡོང་བར་རྒྱ་དམར་གཞུང་ལ་སྐུལ་འདེད་གཏོང་ཐབས། རྒྱ་གཞུང་གིས་བོད་ཀྱི་ཁོར་ཡུག་གཏོར་སྐྱོན་ཚབས་ཆེ་གཏོང་བཞིན་པར་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནམ་གཤིས་འགྱུར་ལྡོག་ཆེད་ལས་ཚོགས་ཆུང་ཐོག་ནས་ཚད་དང་ལྡན་པའི་ཉམས་ཞིབ་དགོས་པ། བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་ཚབས་ཆེན་གཏོང་བཞིན་པར་རང་དབང་ལྡན་པའི་འགྲོ་བ་མིའི་ཐོབ་ཐང་ཚོགས་ཁག་ནས་ཞིབ་འཇུག་ཡོང་རྒྱུར་རྒྱབ་སྐྱོར་དགོས་པ། པཎ་ཆེན་རིན་པོ་ཆེ་མཆོག་གིས་གཙོས་པའི་བོད་ནང་གི་ཆབ་སྲིད་བཙོན་པ་རྣམས་འཕྲལ་མར་གློད་བཀྲོལ་དགོས་པ། རྒྱ་དམར་གཞུང་གི་གདུག་རྩུབ་ཅན་གྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་ཁག་འཕྲལ་དུ་མཚམས་འཇོག་དགོས་པ། རྒྱ་གར་གྲོས་ཚོགས་འཐུས་མི་རྣམ་པས་བོད་ནང་གི་འགྲོ་བ་མིའི་གནས་སྟངས་སྐོར་གླེང་སློང་ཡོང་ཐབས་སོགས་དོན་ཚན་བརྒྱད་ཀྱི་ཐོག་རྒྱབ་སྐྱོར་གནང་རྒྱུར་ཞུ་སྐུལ་རྒྱ་ཆེ་གནང་ཡོད་འདུག གྲོས་ཚོགས་འཐུས་མི་རྣམ་པས་མུ་མཐུད་བོད་དོན་ཐོག་རྒྱབ་སྐྱོར་ཡོང་བ་ཞུས་པར་ཞལ་བཞེས་གནང་སོང་།།
གསར་འགོད་པ། བསོད་ནམས་ཕུན་ཚོགས།
