སྨན་འཕྲོ་བརླག་ཏུ་མ་གཏོང་རོགས།

ཟླ་འདིའི་ཚེས་༢༣ ཉིན་གྱི་སྔ་དྲོ་རྒྱ་གར་ལྷོ་ཕྱོགས་མོན་གྷོ་ས་གནས་སྨན་རྩིས་ཁང་གི་གོ་སྒྲིག་འོག བོད་ཀྱི་སྨན་རྩིས་ཁང་དབུ་བརྙེས་ནས་མི་ལོ་ཧྲིལ་པོ་༥༤ འཁོར་བའི་དུས་དྲན་སྲུང་རྩིའི་མཛད་སྒོ་ཞིག་མོན་གྷོ་ས་གནས་མི་མང་ཚོགས་ཁང་ནང་འཚོགས་ཡོད་པ་རེད།

དུས་དྲན་མཛད་སྒོའི་སྐུ་མགྲོན་གཙོ་བོ་མོན་གྷོ་ས་འཐུས་ཚོགས་གཞོན་དགེ་བཤེས་ངག་དབང་བློ་བཟང་དང་། གཞུང་དང་གཞུང་འབྲེལ་མ་ཡིན་པའི་ལས་ཀྱི་སྣེ་མོ་བ་རྣམས་ཕེབས་ཡོད་པ་རེད།

mundgod1_2015_3 _23གཞིས་གྲོང་དྲུག་པའི་སྨན་རྩིའི་ཁང་གི་སྨན་པ་ཀུན་བཟང་རྡོ་རྗེས་བོད་ཀྱི་སྨན་རྩིས་ཁང་གི་བྱུང་རབས་ངོ་སྤྲོད་གནང་གྲུབ་རྗེས།   མོན་གྷ་ས་གནས་འགོ་འཛིན་ལས་ཚབ་ཀྱིས་སྨན་རྩིས་ཁང་དབུ་བརྙེས་པའི་དུས་དྲན་སྲུང་བརྩིས་དང་འབྲེལ་བའི་གསུང་བཤད་གནང་སོང་།

དེ་ནས་མོན་གྷོ་ས་གནས་སྨན་རྩིས་ཁང་གི་སྨན་པ་སྐྱིད་འཛོམས་ཀྱིས་སྨན་རྩིས་ཁང་གི་གསུང་འཕྲིན་སྒྲོགས་སྦྱང་དང་འབྲེལ། ས་གནས་སྨན་རྩིས་ཁང་གི་ལས་སྡོམས་སྙན་སྒྲོན་ཞུས་པ་དང་། ཁོང་གིས་སྨན་རྩིས་ཁང་གི་སྨན་རྩྭའི་ཡོང་ཁུངས་དེ་སྔོན་བོད་ནས་མང་པོ་རག་གི་ཡོད་སྐོར་དང་། ད་ལྟའི་ཆར་རྒྱ་གཞུང་གིས་བཀག་འགོག་ལ་བརྟེན་ནས་སྨན་རྩྭ་ཕོན་ཆེན་པོ་རག་གི་མེད་པར་བརྟེན། སྨན་འཕྲོ་བརླག་གཏོང་མི་ཉན་སྐོར་དང་།   སྨན་མང་པོ་འཕྲོ་བརླག་བཏང་བ་ཡིན་ན་ནད་པ་དངོས་གནས་ཚོར་དགོས་པའི་སྨན་དེ་རྫོགས་འགྲོ་བའི་དཀའ་ངལ་འཕྲད་བཞིན་ཡོད་པས།   གལ་སྲིད་ཁྱེད་ཀྱིས་སྨན་བླངས་ཟིན་ཡང་ཐུགས་མཁོ་མེད་ཚེ་ཕྱིར་རྩིས་སྤྲོད་གནང་ན་ཡག་པོ་ཡོད་སྐོར་གསུངས་སོང་།

mundgodསྐུ་མགྲོན་གཙོ་བོ་དགེ་བཤེས་ངག་དབང་བློ་བཟང་གིས་སྨན་རྩིས་ཁང་དབུས་བརྙེས་པའི་དུས་དྲན་དང་འབྲེལ་བའི་གསུང་བཤད་གནང་སྐབས།   རྩ་བའི་བོད་ཀྱི་ལོ་རྒྱུས་ནང་ཆགས་འཇིག་གི་གནས་སྟངས་དང་། འཕོ་འགྱུར་མང་པོ་ཞིག་སོང་ཡོད་པ་རེད། འདས་པའི་ལོ་རྒྱུས་ནང་བོད་དེ་སྟོབས་ཆེན་རྒྱལ་ཁག་ཆགས་ཡོད་པ་དང་། ཡང་སྐབས་རེར་རྒྱལ་ཁབ་གཞན་དག་གིས་གཉའ་གནོན་གྱི་འོག་ཏུ་སྡོད་དགོས་བྱུང་ཡོད་པ་སོགས་ཀྱི་གནས་སྟངས་བྱུང་ཡོད་པ་ཙམ་དུ་མ་ཟད། ད་ལྟའི་ཆར་ཡང་ང་ཚོ་བཙན་བྱོལ་དུ་གྱལ་ནས་མི་ལོ་མང་པོ་འགྲོ་ཡི་ཡོད་པ་རེད།   ཡིན་ན་ཡང་གཙོས་བོ་༧གོང་ས་མཆོག་གིས་རླབས་ཆེན་གྱི་དགོངས་གཞི་གཞིར་བཟུང་ཐོག་སྐབས་མཚམས་ཀུན་དུ་འགན་ཡོད་ལས་བྱེད་འདས་གསོན་མང་པོ་ཞིག་གིས་སྐུ་ལུས་བསྐྱོན་པའི་གྲུབ་འབྲས་ལ་བརྟེན་ནས་ལོ་ངོ་སྟོང་ཕྲག་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་ཐུན་མིན་རིག་གནས་སྨན་རྩིས་གཉིས་བཙན་བྱོལ་ནང་དུ་ཡང་ཉམས་པ་སླར་གསོ་དང་མི་ཉམས་རྒྱུད་འཛིན་ཐུབ་པ་ཙམ་དུ་མ་ཟད། ད་ལྟའི་ཆར་བོད་ཀྱི་སྨན་རྩིས་ཁང་ལ་ཡན་ལག་ཁག་༥༥་ཙམ་བཙུགས་ཐུབ་པ་བྱུང་ཡོད་པ་རེད།   རྒྱ་གཞུང་གིས་དུས་རྒྱུན་བོད་དེ་རྗེས་ལུས་ཡིན་པའི་དྲིལ་བསྒྲགས་བྱེད་ཀྱི་ཡོད་པ་རེད་དེ། དོན་དག་མང་པོ་ཞིག་གི་ཐོག་ལ་ང་ཚོ་འཛམ་གླིང་གི་མི་རིགས་དང་རྒྱལ་ཁབ་གཞན་དག་དང་སྤོབས་པ་མཐོན་པོའི་ཐོག་ནས་དཔུང་པ་མཉམ་གཤིབ་ཀྱི་འགྲོ་ཐུབ་པའི་གནས་སྟངས་ཡོད་པ་རེད་བསམ་གྱི་ཡོད། དཔེར་ན་སྨན་རྩིས་གཉིས་ཀྱི་ཐོག་ནས་དུས་རབས་མང་པོའི་སྔོན་བྱུང་བཞག་པ་ཞིག་ཡིན་པ་དང་ད་ལྟའི་དུས་རབས་ཉེར་གཅིག་པ་འདིའི་ནང་ཡིན་ན་ཡང་ཁ་ཡོད་ལག་ཡོད་ཀྱི་ཕན་ཐོགས་ཡོད་པའི་རླབས་ཆེན་གྱི་རིག་གནས་ཤིག་ཡིན་པར་ཡིད་ཆེས་དང་སྤོབས་པ་ཡོད།

དེ་འདྲ་ཡིན་པས་༧གོང་ས་མཆོག་གི་བཀའ་དགོངས་གཞིར་བཟུང་ཐོག་མི་ཐོག་རྒན་པ་མང་པོ་ཞིག་གིས་སྐུ་ལུས་བསྐྱོན་ནས་གང་མཚམས་ཡག་པོ་བྱུང་ཡོད་པ་རེད།   ཡིན་ན་ཡང་དེ་ཙམ་གྱི་མི་ཆོག་པར་མི་རབས་གཞོན་པ་ཚོར་རྩིས་སྤྲོད་བྱེད་ཐུབ་དགོས་པ་ང་ཚོའི་ཕྲག་ཏུ་བབ་པའི་འགན་འཁྲི་ཆགས་ཀྱི་ཡོད་པས། ངེས་པར་མི་རབས་གསར་པ་ཚོར་རྩིས་སྤྲད་བྱེད་རྒྱུར་འབད་བརྩོན་མི་དམན་པ་གནང་རོགས་ཞེས་སོགས་གསུངས་སོང་།

དེ་ནས་སྨན་རྩིས་བསྟན་པ་རྒྱས་པའི་སྨོན་ལམ་གསུང་གནང་གྲུབ་རྗེས་ཉིན་འདིའི་མཛད་སྒོ་གྲོལ་ཡོད་པ་རེད།།

ལྷོ་ཕྱོགས་གསར་འགོད་པ་ཐུབ་བསྟན་བཀྲིས།