སྲིད་སྐྱོང་གི་དྷ་ས་ཉེ་འཁོར་གྱི་འཚམས་གཟིགས་ཐེངས་གཉིས་པ་མཇུག་བསྒྲིལ་བ།

ཕྱི་ཟླ་༨ ཚེས་༢༦ ཉིན་ནས་སྲིད་སྐྱོང་སྤེན་པ་ཚེ་རིང་དྷ་སའི་ཁྱབ་ཁོངས་དྷ་སྟེང་བོད་ཁྱིམ་དང་། བོད་ཀྱི་ཟློས་གར། དགེ་ལྡན་ཆོས་གླིང་བཙུན་མའི་དགོན། རྒས་གསོ་ཁང་། དྷ་སའི་ཁྲོམ་ར་གསར་པ་བཅས་སུ་འཚམས་གཟིགས་དང་བཀའ་སློབ་བཅས་གནང་ཡོད་འདུག སྐབས་དེར་སྲིད་སྐྱོང་དང་ལྷན་ནང་སྲིད་ལས་ཁུངས་ཀྱི་དྲུང་འཕར་དང་། དྷ་ས་ས་གནས་འགོ་འཛིན། ས་གནས་འཐུས་ཚོགས་དང་ས་གནས་རང་བདེན་ཚོགས་ཆུང་གི་ཚོགས་གཙོ་བཅས་ཀྱིས་མཉམ་བཅར་ཞུས་ཡོད་འདུག།

པར། བོད་མིའི་སྒྲིག་འཛུགས།

དེ་བཞིན་ཟླ་༨ ཚེས་༢༩ ཉིན་གྱི་སྔ་དྲོར། སྲིད་སྐྱོང་སྤེན་པ་ཚེ་རིང་སྰ་ར་བོད་ཀྱི་མཐོ་རིམ་སློབ་གཉེར་ཁང་དུ་ཕེབས་ནས། མཐོ་སློབ་ཀྱི་སློབ་ཕྲུག་ཡོངས་ལ་བོད་མི་རྣམས་འཛམ་གླིང་གི་བཙན་བྱོལ་སྤྱི་ཚོགས་གཞན་ལས་མི་འདྲ་བ་ཞིག་ཡིན་པ་དང་། བཙན་བྱོལ་དུ་མང་གཙོའི་ཆ་ལག་ཡོངས་སུ་རྫོགས་པའི་སྒྲིག་འཛུགས་ཤིག་བོད་མི་ལ་མ་གཏོགས་མེད་པ། བཙན་བྱོལ་སྤྱི་ཚོགས་གཞན་གྱིས་མིག་དཔེ་ལྟ་འོས་པ་ཞིག་ཏུ་གྱུར་བ་ནི་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་ཉག་ཅིག་ལ་བརྟེན་ནས་ཡིན་པའི་དྲན་སྐུལ་དང་ད་ལྟའི་བོད་ནང་གི་གནས་སྟངས་སོགས་ཀྱི་སྐོར་གསུང་བཤད་གནང་ཡོད་འདུག།

ཉིན་དེའི་ཉིན་རྒྱབ་ཏུ་སྲིད་སྐྱོང་མཆོག་དྷ་ས་ས་གནས་འགོ་འཛིན་ལས་ཁུངས་དང་། ས་གནས་རང་བདེན་ཚོགས་ཆུང་ལས་ཁུངས། ས་འཐུས་ལས་ཁུངས། ཤོག་བུའི་བཟོ་གྲྭ་བཅས་སུ་འཚམས་གཟིགས་གནང་རྗེས།

ཁོང་གིས་དྷ་ས་མི་མང་ཚོགས་ཁང་དུ་མང་ཚོགས་ལ་གོ་སྟོན་དང་འབྲེལ་བའི་ལས་དོན་ལས་གཞན་བཀའ་ཤག་གི་ལས་འགན་ཐོག་ནས་མི་མང་ལ་བཅར་མི་དགོས་པའི་ཐག་གཅོད་གནང་ཡོད་པ་དང་ཆབས་ཅིག  ས་གནས་འགོ་འཛིན་ནས་མང་ཚོགས་ཀྱི་བདེ་དོན་ཆེད་དུ་ད་བར་ཕྱག་ལས་ཧུར་ཐག་གནང་བར་བསྔགས་བརྗོད་གནང་ཡོད་འདུག།

དེ་བཞིན་ཆབ་སྲིད་ཀྱི་ཐོག་ནས་བཀའ་ཤག་སྐབས་བཅུ་དྲུག་པའི་སྐབས་གཏན་འཇགས་ཐབས་བྱུས་འཆར་འགོད་ཚོགས་ཆུང་ཞེས་བོད་རྒྱ་འབྲེལ་མོལ་ཁོ་ན་མ་ཡིན་པར་བོད་སྤྱིའི་རྩ་དོན་གྱི་ཆེད་དུ་ཞིབ་འཇུག་སོགས་དོ་སྣང་གནང་གི་ཡོད་པ་དང་། གཏན་འཇགས་ཞེས་ཟེར་དགོས་དོན་དེ་ཡང་དེའི་ནང་གི་ཚོགས་མི་རྣམས་འབྲེལ་ཡོད་ཀྱི་ལས་ཐོག་ཡིན་པས་བདུན་ཕྲག་རེར་ཚོགས་མི་རྣམས་ལྷན་འཛོམས་ཀྱིས་ཆབ་སྲིད་ཀྱི་གནང་དོན་གྲོས་བསྡུར་གནང་གི་ཡོད་པ་གསལ་སྟོན་གནང་འདུག།

གཞན་ཡང་། གཙོ་བོ་༸གོང་ས་མཆོག་གི་ཐུགས་རྗེ་བཀའ་དྲིན་དང་། བཀའ་ཤག་ངོས་ནས་ཀྱང་འཛམ་གླིང་གི་བརྒྱུད་ལམ་ཁག་ཏུ་འབྲེལ་བ་བྱས་ཏེ། བོད་ཀྱི་གནད་དོན་གང་མང་ཁྱབ་སྤེལ་བྱུང་ཐུབ་ཡོད་པ་དང་། གོ་སྟོན་གྱི་མཛད་སྒོའི་སྐབས་སུ་འཛམ་གླིང་གི་གསར་འགོད་པ་༢༡༦ ཙམ་ཕེབས་ཏེ། རྒྱལ་སྤྱིའི་ནང་བོད་ཀྱི་ཆབ་སྲིད་དང་། ༸གོང་ས་མཆོག་གི་༸སྐུའི་ཡང་སྲིད་ཀྱི་གནད་དོན་གཙོ་བོར་གྱུར་བའི་བོད་ཀྱི་གནད་དོན་མང་དག་ཅིག་གི་ཐོག་དོ་སྣང་སླེབས་ཐུབ་པ་ཞིག་བྱུང་ཡོད་པ་སོགས་ངོ་སྤྲོད་གནང་ཡོད་པ་བོད་མིའི་སྒྲིག་འཛུགས་ཀྱི་དྲ་ཐོག་ཏུ་བཀོད་འདུག།།

གསར་འགོད་པ། བསྟན་འཛིན་ཆོས་དབྱངས།