སྲིད་སྐྱོང་སྤེན་པ་ཚེ་རིང་ཁེ་ན་ཊ་སོགས་རྒྱལ་ཁབ་ཁག་ཅིག་གི་མཛད་འཆར་གྲུབ་ནས་ཕྷ་རན་སི་ལ་ཕེབས་རྒྱུ་རེད་འདུག

བོད་མིའི་སྒྲིག་འཛུགས་ཀྱི་དྲྭ་ངོས་སུ་གནས་ཚུལ་སྤེལ་གསལ་ལྟར་ན། ཟླ་འདིའི་ཚེས་༢༠ ནས་ ༢༣ བར་བོད་མིའི་སྒྲིག་འཛུགས་ཀྱི་དཔལ་ལྡན་སྲིད་སྐྱོང་སྤེན་པ་ཚེ་རིང་གིས་ཁེ་ན་ཊའི་རྒྱལ་ས་ཨོ་ཊ་ཝར་ཁེ་ན་ཊའི་གྲོས་ཚོགས་འཐུས་མི་དང་། གཞུང་འབྲེལ་གནད་ཡོད་མི་སྣ། བསམ་མཛོད་བསྟི་གནས་ཁང་གི་མི་སྣ། ས་གནས་བོད་མི་དང་མཇལ་འཕྲད་གནང་ནས་བོད་ནང་གི་ཛ་དྲག་གནས་སྟངས། ཁེ་ན་ཊ་གཞུང་ངོས་ནས་བོད་དོན་ལ་རྒྱབ་སྐྱོར་གནང་ཕྱོགས་སོགས་ཀྱི་སྐོར་གྲོས་བསྡུར་གནང་ཡོད་འདུག

པར། བོད་མིའི་སྒྲིག་འཛུགས།

ཟླ་འདིའི་༢༤ ཉིན་རྒྱབ་ཨ་རིའི་ནང་བོད་མི་འདུས་སྡོད་མང་ཤོས་ཨང་གཉིས་པ་ཡིན་པའི་མངའ་སྡེ་མི་ནི་སོ་ཊ་རུ་ཕེབས་ནས། བོད་སྒར་ལུགས་གཉིས་དགའ་ཚལ་ (བོད་རིགས་སྤྱི་མཐུན་ཚོགས་པའི་སྤྱི་ཁང་།) ་ བཀའ་ཤག་སྐབས་ ༡༦ པས་འཛིན་སྐྱོང་གི་ཐུགས་འགན་བཞེས་ཏེ་ད་བར་ལོ་གཉིས་དང་ཕྱེད་ཀ་ཙམ་རིང་ཕྱག་ལས་གང་དང་ཅི་ཞིག་གནང་བ་དང་།  མ་འོངས་གནང་འཆར་ཇི་ཡོད།  རྒྱལ་སྤྱིའི་ཐོག་གི་བོད་དོན་གནས་བབ། རྒྱ་ནག་ནང་གི་གནས་སྟངས།  རང་རེའི་སྲིད་བྱུས་དང་ཐབས་བྱུས་བཅས་ཀྱི་སྐོར་ལ་བཀའ་སློབ་ཞིབ་རྒྱས་གནང་ཡོད་འདུག

ཟླ་འདིའི་ཚེས་༢༥ ཉིན། བོད་རིགས་སྤྱི་མཐུན་ཚོགས་པའི་གཟའ་མཇུག་སློབ་གྲྭར་གཟིགས་སྐོར་ཞིང་། སྐབས་དེར་སྲིད་སྐྱོང་གིས་དགེ་རྒན་ལས་བྱེད་ཚོས་དང་བླངས་ཞབས་ཞུ་བསྒྲུབས་དང་སྒྲུབ་བཞིན་པ་དང་།  ལྷག་པར་དུ་གཟའ་མཇུག་སློབ་གྲྭ་ནས་ཐོན་པའི་གཞོན་སྐྱེས་ཁག་ཅིག་གིས།  རང་གི་སློབ་གྲྭ་མ་བརྗེད་པར་བསྐྱར་དུ་གཟའ་མཇུག་སློབ་གྲྭར་ལོག་ནས་དང་བླངས་ཀྱི་ཕྱག་རོགས་གནང་བར་རྗེས་སུ་ཡི་རངས་དང་བསྔགས་བརྗོད་གནང་བ་མ་ཟད།  དགེ་ལས་ཚང་མས་ད་དུང་མུ་མཐུད་འབད་བརྩོན་ཇི་ལྟར་གནང་དགོས་པ་དང་།  བསམ་བློའི་ཁྱེར་བཟོ་གང་འདྲ་དགོས་པ་སོགས་ཀྱི་ཐད་བཀའ་སློབ་གནང་ཡོད་འདུག གཞན་ཡང་། རྒྱུད་སྟོད་ཆོས་ཚོགས་ཀྱི་འདུ་ཁང་ནང་། ཁུལ་དེར་གནས་འཁོད་རང་རིགས་གཞོན་སྐྱེས་རྣམས་ཀྱིས་བོད་དོན་དང་འབྲེལ་བའི་ཤེས་བྱ་སྔར་ལས་ཕུན་སུམ་ཚོགས་སུ་གཏོང་ཆེད།  བོད་ཨིན་འདྲེས་མའི་ཐོག་ནས་བོད་ཀྱི་ལོ་རྒྱུས་དང་།  བོད་ཀྱི་སྐྱེས་ཁམས་ཁོར་ཡུག་གི་གལ་གནད།  བོད་ཀྱི་ད་ལྟའི་གནས་སྟངས།  སྲིད་བྱུས་དང་ཐབས་བྱུས་བཅས་ཀྱི་སྐོར་ངོ་སྤྲོད་གནང་ནས་མཛད་རིམ་ལེགས་གྲུབ་བྱུང་འདུག

ཟླ་འདིའི་ཚེས་༢༧ ཉིན་གྱི་སྔ་དྲོ། ཡུ་རོབ་ཁུལ་སེ་པེན་གྲོང་ཁྱེར་སྦར་སེ་ལོ་ནར་འབྱོར་རྗེས། ཉིན་དེའི་ཕྱི་དྲོ་བོད་ཁང་དུ། རང་རིགས་མང་ཚོགས་མཇལ་འཕྲད་གནང་སྐབས། སྲིད་སྐྱོང་གིས་ཉེ་སྔོན་ཁེ་ན་ཌ་ཁུལ་གཞུང་འབྲེལ་ཕྱོགས་ཕེབས་ཀྱིས་ཁེ་ན་ཌ་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ཚོགས་གཙོ་དང་ཚོགས་མི། གཞན་ཡང་བློན་ཆེན་དང་གྲོས་ཚོགས་འཐུས་མི་མི་ཉུང་བ་ཞིག་མཇལ་མོལ་གནང་སྐོར་དང་། དེ་བཞིན་ཕྱི་ཟླ་༡༠ པའི་ནང་ལྷོ་ཨ་རིའི་ཁུལ་མེཀ་སི་ཀོ་དང་། ཀོ་ལམ་སྦི་ཡ། ཀོ་སོ་ཊ་རི་ཁ་ཁུལ་སུ་བོད་དོན་དྲིལ་བསྒྲགས་དང་འབྲེལ་རྒྱབ་སྐྱོར་ཤུགས་ཆེ་ཐོབ་ཐབས་དང་། དེ་བཞིན་ཨ་རི་རྒྱལ་ས་ཝ་ཤིང་ཊོན་དུ་གྲོས་ཚོགས་གོང་འོག་གཉིས་ནང་བོད་དོན་ཁྲིམས་འཆར་གསར་པ་གཏན་འབེབས་ཡོང་རྒྱུར་རྒྱབ་སྐྱོར་ཐོབ་ཐབས་སླད། གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་མཇལ་མོལ་གནང་སྐོར། ཕྱོགས་མཚུངས་ཨ་རིའི་གྲོས་ཚོགས་ནང་བོད་དོན་ཁྲིམས་འཆར་གསར་པ་གཏན་འབེབས་གནང་རྒྱུ་དང་འབྲེལ་བའི་སྐོར་སོགས་དང་འབྲེལ་གལ་ཏེ་གཏན་འབེབས་བྱུང་ཚེ་དེ་ལུགས་ཡུ་རོབ་ཁུལ་དང་། གཞན་ཡང་རྒྱལ་ཁབ་ཁག་ནང་དེ་ལྟར་གཏན་འབེབས་བྱ་རྒྱུའི་ཐོག་འབད་བརྩོན་གནང་རྒྱུ་ཡིན་སྐོར་གསུངས་ཡོད་འདུག

ཟླ་འདིའི་ཚེས་༢༩ ་སྔ་དྲོ་ཨོ་སི་ཊེ་རི་ཡ་ལ་འབྱོར་ཞིང་། ཨོ་སི་ཏེ་རི་ཡ་རྒྱལ་ཡོངས་གསར་ཁང་གསུམ་ལ་བཅར་འདྲི་དང་ལེན་གནང་རྗེས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་གཞོན་སྐྱེས་ཚོགས་མི་ཟུར་དུ་མཇལ་མོལ་གནང་ཡོད་འདུག

ཉིན་དེའི་ཕྱི་དྲོར་རང་རིགས་མང་ཚོགས་རྣམས་དང་མཇལ་འཕྲད་གནང་ནས།༸གོང་ས་མཆོག་གི་བཀའ་དྲིན་རྗེས་དྲན་དང་བཀའ་དྲིན་བསམ་ཤེས་ཀྱིས་མགོན་པོ་མཆོག་གི་བཀའ་དགོངས་བཞིན་སྒྲུབ་དགོས་པ་དང་། བཀའ་ཤག་གིས་དེ་ལྟར་སྒྲུབ་བཞིན་ཡོད་སྐོར། བོད་ནང་གི་ཛ་དྲག་གནས་སྟངས། དང་བླངས་བོད་དོན་ཞུ་གཏུག་ལས་འགུལ་གྱི་སྒྲོམ་གཞི་དང་སྡིངས་ཆ་གསར་འཛུགས་གནང་ཡོད་པར་གཞོན་སྐྱེས་རྣམས་ལས་འགུལ་ནང་མཉམ་ཞུགས་དགོས་ངེས་དང་། དེ་བཞིན་བོད་མིའི་མི་འབོར་དང་། བོད་ནས་གསར་དུ་ཕེབས་མཁན་ཉུང་དུ་འགྲོ་བཞིན་པའི་སྐོར་བཅས་གསུངས་ཡོད་འདུག ཟླ་འདིའི་ཚེས་༣༠ ཉིན་སྲིད་སྐྱོང་མཆོག་ཡུ་རོབ་རྒྱལ་ཁབ་ཧྥ་རན་སི་ལ་ཕེབས་རྒྱུ་ཡིན་འདུག །

གསར་འགོད་པ། བློ་བཟང་རྒྱ་མཚོ།