ཧོང་ཀོང་གི་ཉེན་རྟོག་པས་སླར་ཡང་མི་༡༡ འཛིན་བཟུང་བྱས་འདུག
ཧོང་ཀོང་གི་ཉེན་རྟོག་པས་ལོ་སྔོན་མར་མཚོ་ཐོག་ནས་ཐའེ་ཝན་དུ་བྲོས་བྱོལ་དུ་འགྲོ་སྐབས་འཛིན་བཟུང་འོག་ཏུ་ཚུད་པའི་མང་གཙོའི་ལས་འགུལ་བ་༡༢ ལ་རོགས་པ་བྱས་པའི་དོགས་གཞིའི་འོག་ནས་མི་༡༡ འཛིན་བཟུང་བྱས་ཡོད་འདུག
དེ་རིང་སྟེ་ཕྱི་ཟླ་༡ ཚེས་༡༤ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ནས་གནས་ཚུལ་སྤེལ་བ་ལྟར་ན། ཧོང་ཀོང་གི་ཉེན་རྟོག་པས་ན་ནིང་ཐའེ་ཝན་དུ་བྲོས་བྱོལ་འགྲོ་སྐབས་འཛིན་བཟུང་བྱས་པའི་མང་གཙོའི་ལས་འགུལ་བ་༡༢ ལ་རོགས་བྱས་པའི་དོགས་གཞིའི་འོག་ནས་མི་༡༡ འཛིན་བཟུང་བྱས་འདུག་པ་ལས། བརྒྱད་སྐྱེས་པ་དང་གསུམ་བུད་མེད་ཡིན་འདུག་པ་དང་། ལོ་ན་༡༨ ནས་༧༢ བར་དུ་ཡོད་འདུག
ཐེངས་འདིར་འཛིན་བཟུང་བྱས་པའི་མི་༡༡ ཀྱི་ཁྲོད་དུ། ན་ནིང་ཕྱི་ཟླ་༨ པའི་ནང་འཛིན་བཟུང་བྱས་ཏེ་རྒྱ་ནག་སྐམ་ས་ཆེན་མོར་བཀག་ཉར་བྱས་པའི་ལས་འགུལ་བ་༡༢ ལ་ཁྲིམས་ཀྱི་རོགས་རམ་བྱེད་པའི་འབད་བརྩོན་བྱེད་མཁན་ཏེ། ཁྲིམས་རྩོད་པ་ཌ་ནལ-ཝན་(Daniel Wong) ཡང་ཡོད་འདུག་པ་དང་། ཁོང་གིས་ངོ་དེབ་ཐོག་ཏུ་ཉེན་རྟོག་པ་རྣམས་ཞོགས་པའི་ཆུ་ཚོད་༦ པ་ཙམ་ལ་ཁོང་གི་ཁང་ཁྱིམ་དུ་འབྱོར་བྱུང་སྐོར་བྲིས་ཡོད་འདུག
ས་གནས་གསར་ཁང་རྣམས་ཀྱིས་སྤེལ་བའི་གནས་ཚུལ་ལྟར་ན། ཧོང་ཀོང་གིས་ཉེན་རྟོག་པས་མི་དེ་དག་ན་ནིང་བྲོས་བྱོལ་དུ་འགྲོ་སྐབས་འཛིན་བཟུང་བྱས་པའི་ལས་འགུལ་བ་༡༢ ལ་རོགས་བྱས་པའི་ཉེས་མིང་འོག་ནས་འཛིན་བཟུང་བྱས་ཡོད་འདུག
ན་ནིང་ཕྱི་ཟླ་༨ པའི་ནང་ཧོང་ཀོང་ནས་ཐའེ་ཝན་དུ་བྲོས་བྱོལ་དུ་འགྲོ་སྐབས་འཛིན་བཟུང་བྱས་པའི་ལས་འགུལ་བ་༡༢ པོ་རྒྱ་ནག་གཞུང་གིས་ཟླ་བ་བཞི་ཙམ་ལ་རྒྱ་ནག་སྐམ་ས་ཆེན་མོར་བཀག་ཉར་བྱས་རྗེས། ཕྱི་ཟླ་༡༢ ཀྱི་ཟླ་སྨད་དུ་སྐམ་ས་ཆེན་མོའི་ཁྲིམས་ཁང་ཞིག་གིས་ལས་འགུལ་བ་༡༠ ལ་ལོ་༣ ནས་ཟླ་བ་༧ བར་གྱི་བཙོན་འཇུག་ཁྲིམས་ཐག་བཅད་པ་དང་། གཉིས་ལ་ཁྲིམས་ཆད་ཀྱི་ལོ་ཚོད་མ་ཟིན་པར་བརྟེན་ནས་ཧོང་ཀོང་དུ་ཕྱིར་སློག་གིས་དེ་གའི་ཉེན་རྟོག་པར་རྩིས་སྤྲོད་བྱས་ཡོད་འདུག
ཕྱི་ལོ་༡༩༩༧ ལོར་དབྱིན་ཇིས་ཧོང་ཀོང་རྒྱ་ནག་ལ་རྩིས་སྤྲོད་བྱེད་སྐབས། རྒྱ་ནག་གིས་ཧོང་ཀོང་དུ་ལོ་༥༠ ཡི་རིང་ལ་“རྒྱལ་ཁབ་གཅིག་ལ་ལམ་ལུགས་གཉིས་”ཀྱི་སྲིད་བྱུས་ལག་བསྟར་བྱེད་པའི་ཁས་བླངས་ཡོད། འོན་ཀྱང་། རྒྱ་ནག་གིས་ལོ་སྔོན་མའི་ཟླ་༦ པར་“རྒྱལ་ཁབ་བདེ་འཇགས་བཅའ་ཁྲིམས་”ཞེས་པ་གཏན་ལ་ཕབ་པ་ནས་བཟུང་། སྔར་གོ་ལའི་དཔལ་འབྱོར་གྱི་ལྟེ་བ་དང་། རང་སྲིད་རང་སྐྱོང་གི་དཔེ་མཚོན་དུ་གྱུར་བའི་ཧོང་ཀོང་ནི་བོད་དང་ཤར་ཏུ་ཁི་སི་ཐན་ལྟར་རྒྱ་ནག་གི་བཙན་གནོན་དྲག་པོའི་འོག་ཏུ་ཡོད་པའི་གྲོང་ཁྱེར་ཞིག་ཏུ་གྱུར་ནས། རང་དབང་དང་མང་གཙོའི་ལས་འགུལ་བ་རྣམས་ཉེས་མིང་སྣ་ཚོགས་འོག་ནས་འཛིན་བཟུང་དང་བཙོན་འཇུག་གི་ཉེན་ཁར་འཕྲད་བཞིན་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།
