ཧོང་ཀོང་ནས་ཡིན་པའི་གསར་འགོད་པ་ཞིག་རྒྱ་ནག་ནང་བོར་བརླག་ཕྱིན་འདུག

ཧོང་ཀོང་ནས་ཡིན་པའི་གསར་འགོད་པ་ཞིག་རྒྱ་ནག་ནང་ལས་དོན་ཆེད་དུ་ཕྱིན་རྗེས་བོར་བརླག་ཕྱིན་ཡོད་པ་ཉི་ཧོང་གི་གསར་ཁང་ཞིག་གིས་བརྗོད་ཡོད་འདུག་ལ། གསར་འགོད་པ་དེ་ལ་གསར་འགོད་ཀྱི་ལས་རིགས་ཐོག་གཟེངས་རྟགས་ཐོབ་མྱོང་བའི་གསར་འགོད་པ་ཞིག་ཡིན་འདུག

ཕྱི་ཚེས་༡ ཉིན་ཉི་ཧོང་གི་(Kyodo News)ཟེར་བའི་གསར་ཁང་གིས་གནས་ཚུལ་སྤེལ་གསལ་ལྟར་ན། འདས་པའི་ཕྱི་ཟླ་༡༠ ནང་(Minnie Chan་)ཟེར་བའི་ཕྱི་འབྲེལ་དང་རྒྱལ་འབྲེལ་ཐབས་བྱུས་ཐོག་མཁས་པ་ཡིན་པའི་གསར་འགོད་པ་དེ་རྒྱ་ནག་པེ་ཅིན་དུ་ཉིན་གྲངས་གསུམ་རིང་(Xiangshan) ལྷན་ཚོགས་ཟེར་བ་དེའི་ཆེད་དུ་ཕྱིན་ཡོད་པ་དང་། འོན་ཀྱང་། ལྷན་ཚོགས་དེ་མཇུག་བསྒྲིལ་ནས་ཉིན་གྲངས་མང་པོ་སྟེ་ཕྱི་ཟླ་༡༠ ཚེས་༣༡ བར་བསླེབས་ཀྱང་ཁོང་མོ་གོ་རྒྱུ་རིག་རྒྱུ་མེད་པར་གྱུར་ཡོད་འདུག གསར་འགོད་པ་བུད་མེད་དེ་ཕྱི་ལོ་༢༠༠༥ ནས་(Alibaba-owned South China Morning Post)ཨ་ལེ་པ་པ་ཚོང་གཉེར་ཁང་གིས་བཙུགས་པའི་ལྷོ་རྒྱ་ནག་གི་གསར་འཕྲིན་ཟེར་བའི་ནང་ལས་ཀ་བྱེད་བཞིན་ཡོད་པ་དང་། ད་ལྟ་མོ་གར་སོང་ཆ་མེད་དུ་གྱུར་ཡོད་པར་བརྟེན། གསར་འགོད་པ་བུད་མེད་དེ་རྒྱ་ནག་གཞུང་གིས་འཛིན་བཟུང་བྱས་ཡིན་པ་དོགས་པ་ཆེན་པོ་ཟ་བཞིན་ཡོད་འདུག  བུད་མེད་དེའི་སྐོར་མཐའ་མ་དེ། ཕྱི་ཟླ་༡༡ ཚེས་༡ ཉིན་དྲ་རྒྱའི་ཐོག་རྒྱ་ནག་གིས་ཨི་སི་རེལ་དང་ཧ་མ་སིའི་བར་ལ་བར་འདུམ་ཇི་ལྟར་བྱེད་བཞིན་ཡོད་པའི་སྐོར་གནས་ཚུལ་གཅིག་བཀོད་ཡོད་འདུག་པས་དེ་དུས་ཤེས་རྟོགས་བྱུང་འདུག་པ་དང་། དེ་རྗེས་ཤེས་རྟོགས་གང་ཡང་བྱུང་མི་འདུག མོའི་ལས་ཁུངས་ལ་སྐད་ཆ་འདྲི་དུས་མོ་ད་ལྟ་གནས་སྐབས་དགོངས་པ་ཡིན་སྐོར་ལས་གཞན་གནས་ཚུལ་གང་ཡང་བཤད་རོགས་བྱས་མི་འདུག ཁ་སང་རེས་གཟའ་པ་སངས་ཉིན་ཧོང་ཀོང་གི་གསར་འགོད་མཐུན་ཚོགས་ཀྱིས་བརྗོད་དོན་ལ་མོ་གང་དུ་ཡོད་མེད་དང་མོའི་བདེ་འཇགས་སྐོར་བློ་འཚབ་ཆེན་པོ་ཡོད་པར་བརྗོད་འདུག དེ་བཞིན་མོ་གང་དུ་ཡོད་མེད་སོགས་ཀྱི་སྐོར་མོའི་གསར་ཁང་ལས་ཁུངས་ནས་གནས་ཚུལ་མཁོ་སྤྲོད་བྱེད་རྒྱུའི་རེ་འདུན་བཏོན་ཡོད་པར་བརྗོད་འདུག མོ་ལ་ངོ་དེབ་ཐོག་ནས་འབྲེལ་བ་ཡོད་པའི་(Aljazeera)ཟེར་བས་བརྗོད་དོན་ལ། གསར་འགོད་པ་བུད་མེད་དེའི་ཝ་ཙེབ་(WhatsApp) ཕྱི་ཟླ༡༡ ཚེས་༢ ཉིན་བེད་སྤྱོད་མཐའ་མ་དེ་བྱས་ཡོད་པ་དང་དེའི་རྗེས་ནས་མཐོང་རྒྱུ་མི་འདུག་པས་ཁྱད་མཚར་པོ་ཞིག་རེད་ཅེས་བརྗོད་འདུག 

ཕྱི་ལོ་༢༠༢༢ ནང་རྒྱ་ནག་ནི་འཛམ་གླིང་ནང་གསར་འགོད་པ་བཙོན་འཇུག་བྱེད་མཁན་སྡུག་ཤོས་སམ་མང་ཤོས་རྒྱལ་ཁབ་ཨང་གཉིས་པ་དེ་ཡིན་འདུག་པ་དང་ལོ་གཅིག་ནང་གསར་འགོད་པ་ཁྱོན་༤༣ བཙོན་འཇུག་དང་བཀག་ཉར་བྱས་ཡོད་འདུག 

ཁེ་ན་ཌའི་འགྲིམ་འགྲུལ་སློབ་སྟོན་པ་ཞིག་གིས་བརྗོད་དོན་ལ་རྒྱ་ནག་ནང་མི་ཞིག་དོགས་གཞི་ཅན་ཡིན་ན། བཙོན་འཇུག་མ་བྱས་སྔོན་དུ་ཐོག་མར་ཉིན་གྲངས་༣༧ རིང་བཀག་ཉར་དང་འདྲི་རྩད་བྱེད་ཀྱི་ཡོད་པ་དང་། དེ་ནས་ནག་ཉེས་དངོས་སུ་མ་བཀལ་སྔོན་ད་དུང་དུས་ཚོད་དགོས་ན་ཟླ་བ་༡༣ རིང་བཀག་ཉར་བྱེད་ཀྱི་ཡོད་པར་བརྗོད་འདུག དེ་བཞིན་རྒྱ་ནག་ནང་མི་སུ་འདྲ་ཞིག་ཡིན་ཡང་འཛིན་བཟུང་བཀག་ཉར་བྱས་རྗེས་རྒྱ་ནག་དམར་ཤོག་གཞུང་གི་ཤུགས་རྐྱེན་འོག་ཁྲིམས་ཁང་གི་ནག་ཉེས་ཤིག་བཀལ་རྒྱུ་ཡིན་པར་བརྒྱ་ཆ་བརྒྱ་རེད་ཅེས་བརྗོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།