ཨ་རི་དང་རྒྱ་ནག་བར་འགལ་ཟླ་བྱུང་ན་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་རྒྱུ་རེད་ཟེར།

ཟླ་འདིའི་ཚེས་༧ ཉིན་རྒྱལ་སྤྱིའི་གསར་འགྱུར་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ་ལྟར་ན། རྒྱ་ནག་གི་ཕྱི་སྲིད་བློན་ཆེན་གྱིས་ཨ་རིས་རྒྱ་ནག་ལ་དྲག་གནོན་བྱེད་པའི་ཐབས་བྱུས་ལ་སྐྱོན་བརྗོད་དང་། ཨ་རི་དང་རྒྱ་ནག་བར་འགལ་ཟླ་བྱུང་ན་བསམ་ཡུལ་ལས་འདས་པའི་མཇུག་འབྲས་ཐོན་རྒྱུ་རེད་ཅེས་བརྗོད་ཡོད་པའི་གནས་ཚུལ་ཐོན་འདུག

པར། South china morning post

ཟླ་འདིའི་ཚེས་༧ ཉིན་རྒྱ་ནག་ནང་ཚོགས་འདུ་གཉིས་རིང་གི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ཏུ་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཝང་དབྱི་ཡིས་ཐེ་ཝན་གྱི་གནད་དོན་དང་ཡུག་རེན་གྱི་དམག་འཁྲུག ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བ་སོགས་ཀྱི་ཐོག་དྲི་བ་ཉི་ཤུ་ལྷག་ལ་ལན་བཏབ་ཡོད་འདུག

སྐབས་དེར་ཨ་རི་དང་རྒྱ་ནག་བར་གྱི་འབྲེལ་བའི་ཐོག་ལ་ཁོས་གལ་སྲིད་ཨ་རི་དང་རྒྱ་ནག་ལྟ་བུའི་རྒྱལ་ཁབ་ཆེན་པོ་གཉིས་ཀྱི་དབར་གདོང་ཐུག་གམ་འཐབ་འཛིང་བྱུང་བ་ཡིན་ན། དེའི་མཇུག་འབྲས་ནི་བསམ་ཡུལ་ལས་འདས་པ་ཞིག་ཡོང་གི་རེད་ཅེས་དང་། ན་ནིང་རྒྱལ་ཁབ་གཉིས་ཀྱི་སྲིད་འཛིན་བར་ཐུག་འཕྲད་བྱས་ནས་བཟུང་ཕྱོགས་གཉིས་ཀྱི་འབྲེལ་བ་ཡག་ཏུ་ཕྱིན་ཡོད་ན་ཡང་། ཨ་རིས་རྒྱ་ནག་ལ་གོ་ནོར་ཐེབས་པ་དེ་སྔར་བཞིན་གནས་ཡོད་པ་མ་ཟད་དེའི་ཁས་ལེན་ཡང་མངོན་འགྱུར་བྱུང་མེད་ཅེས་དང་། ཁོས་མུ་མཐུད་ནས་ཨ་རིས་ཐོག་མཐའ་བར་གསུམ་དུ་ཐབས་བྱུས་སྣ་ཚོགས་འཆར་འགོད་ཀྱིས་རྒྱ་ནག་ལ་དྲག་གནོན་བྱེད་ཀྱི་ཡོད་ཅེས་བརྗོད་ཡོད་འདུག

གཞན་ཡང་ཚོར་བ་ཧ་ཅང་རྣོ་བའི་ཐའེ་ཝན་གྱི་གནད་དོན་ཐོག་ཁོས། རྒྱ་ནག་གིས་ཞི་བས་གཅིག་འགྱུར་ཡོང་བར་འབད་བརྩོན་བྱེད་རྒྱུ་ཡིན་ཞེས་རྒྱ་ནག་གི་འབོད་ཚིག་བསྐྱར་ཟློས་བྱས་ནས་ཐའེ་ཝན་རང་བཙན་ལ་རྒྱབ་སྐྱོར་བ་ཚོས་མེ་ལ་རྩེད་མོ་བརྩེས་ན་མེ་ཡིས་འཚིག་གི་རེད་ཅེས་བརྗོད་འདུག

ཁོས་ད་དུང་རྒྱ་ནག་དང་ཨུ་རུ་སུའི་བར་གྱི་འབྲེལ་བ་དེ་ཆུ་ཚད་མཐོན་པོའི་ཐོག་འཕེལ་རྒྱས་འགྲོ་བཞིན་ཡོད་པ་དང་མདུན་ཕྱོགས་སུ་གོ་སྐབས་གསར་པ་ཡང་ཡོད་སོགས་བརྗོད་ཡོད་ཀྱང་། གནས་ཚུལ་དབྱེ་ཞིབ་པ་ཚོས་རེ་སྒུག་ཆེན་པོ་བྱེད་བཞིན་པ་སྟེ། གར་སོང་ཆ་མེད་དུ་གྱུར་བའི་རྒྱ་ནག་གི་ཕྱི་སྲིད་བློན་ཆེན་ཟུར་པའི་གནད་དོན་ཐོག་ཁོས་འགྲེལ་བརྗོད་གང་ཡང་བྱས་མེད་པ་རེད།

ཕྱི་སྲིད་བློན་ཆེན་གྱིས་གནད་དོན་ཉི་ཤུ་ལྷག་གི་ཐོག་ཏུ་ལན་བཏབ་ཀྱང་། དེའི་ནང་དུ་རྒྱ་ནག་གི་ཁྱིམ་མཚེས་རྒྱལ་ཁབ་ཆེ་ཤོས་ཡིན་པའི་རྒྱ་གར་དང་ཉི་ཧོང་དང་འབྲེལ་བའི་གནད་དོན་གཅིག་ཀྱང་མེད་པ་རེད་འདུག།

གསར་འགོད་པ། བློ་བཟང་རྒྱ་མཚོ།