ཨ་རི་ནས་འཛིན་བཟུང་བཀག་ཉར་འོག་ཡོད་པའི་གསང་མྱུལ་བ་དེས་ནག་ཉེས་ངོས་ལེན་བྱས་མི་འདུག 

ཟླ་༡༠ པའི་ཚེས་༢༩ ཉིན་ཨ་རིའི་ནིའུ་ཡོག་མངའ་ཁུལ་གྱི་གསར་ཁང་(Newsday) ཐོག་ཏུ་གནས་ཚུལ་སྤེལ་བར་གཞིགས་ན།  ཟླ་༩ པའི་ནང་ཨ་རི་ནས་གསང་མྱུལ་བའི་མིང་འོག་འཛིན་བཟུང་བྱས་པའི་པདྨ་དར་རྒྱས་ངག་དབང་ཟེར་བ་དེས། ཁྲིམས་ཁང་ནང་དུ་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་ནག་ཉེས་ལ་ངོས་ལེན་བྱས་མེད་འདུག 

དེ་ཡང་པདྨ་དར་རྒྱས་ངག་དབང་གི་ཁྲིམས་རྩོད་པ་(John Carman) གིས། ཁྲིམས་ཁང་དུ་ཉེས་འཛུགས་རིམ་པར་ཉན་ཞིབ་ཏུ་སླེབས་པ་དེ་ནི་དམག་མི་ཟུར་པ་ཁོང་ལ་ནག་ཉེས་མེད་པ་ར་སྤྲོད་བྱེད་པའི་ལས་དོན་གྱི་གོམ་པ་ཆུང་ཆུང་ཞིག་ཡིན་སྐོར་བརྗོད་ཡོད་འདུག་པ་དང་། ཨ་རིའི་གཞུང་གི་ཁྲིམས་རྩོད་པའི་མགྲིན་ཚབ་ཀྱིས་གནད་དོན་དེའི་ཐོག་བསམ་ཚུལ་བརྗོད་རྒྱུ་ཁས་ལེན་བྱས་མེད་འདུག 

དེ་ཡང་ཟླ་༩ པའི་ཚེས་༢༡ ཉིན་བརྒྱུད་ལམ་ཁག་ཏུ་ཨ་རིའི་གྲོང་ཁྱེར་ནིའུ་ཡོག་ཏུ་ཉེན་རྟོག་པའི་ལས་ཀ་བྱེད་མཁན་རྒྱ་ནག་གི་གསང་མྱུལ་བ་ཡིན་པའི་མིང་འོག་འཛིན་བཟུང་བྱས་པའི་གནས་ཚུལ་ཐོན་ཡོད་པ་དང་། དེ་ཡང་ལོ་ན་༣༣ ལ་སོན་པའི་པདྨ་དར་རྒྱས་ངག་དབང་ཟེར་བ་དེས། ཕྱི་ལོ་༢༠༡༤ ནས་བཟུང་སྟེ་གྲོང་ཁྱེར་དེ་གའི་བོད་མི་ཚོའི་འགྲོ་འདུག་སྤྱོད་གསུམ་ལ་མྱུལ་ཞིབ་བྱས་ཏེ་རྒྱ་ནག་གི་དོན་གཅོད་ཁང་ལ་གནས་ཚུལ་རྩིས་སྤྲོད་བྱས་ཡོད་པ། ཕྱི་ལོ་༢༠༡༨ ལོ་ནས་བཟུང་། ཁོས་“སྦྱིན་བདག་ལགས་”ཞེས་པའི་རྒྱ་ནག་གི་དོན་གཅོད་ཁང་གི་ལས་བྱེད་གཅིག་དང་རྒྱུན་དུ་འབྲེལ་བ་བྱས་འདུག་པ་དང་། དོན་གཅོད་ཀྱི་ལས་བྱེད་དེ་ནི་འཐབ་ཕྱོགས་གཅིག་འགྱུར་ཁང་གི་མི་སྣ་ཞིག་ཡིན་སྐད་འདུག 

ཨ་རིའི་གཞུང་ནས་བཏོན་པའི་གནས་ཚུལ་ལྟར་ན། པདྨ་དར་རྒྱས་ངག་དབང་གི་ཕ་ཡུལ་བོད་རང་སྐྱོང་ལྗོངས་ནས་ཡིན་པ་དང་། ཁོའི་ཕ་མ་གཉིས་ཀ་རྒྱ་ནག་གཞུང་གི་ལས་བྱེད་བགྲེས་ཡོལ་ཞུས་པ་ཞིག་ཡིན་པའི་ཁར། ཁོའི་སྤུན་མཆེད་གཅིག་ཀྱང་རྒྱ་ནག་གི་དམག་མི་ཡིན་འདུག འོན་ཀྱང་། ཁོ་བོད་རང་སྐྱོང་ལྗོངས་ཀྱི་ས་ཆ་གང་ནས་ཡིན་པ་དང་། ཕ་མ་དང་སྤུན་མཆེད་ཀྱི་མིང་ཅི་ཡིན་སོགས་ཀྱི་ཞིབ་ཕྲའི་གནས་ཚུལ་རྣམས་གསལ་ཁ་མི་འདུག ཁག་ཅིག་ལ་ཁོ་རང་བོད་རྒྱ་རོང་ནས་ཡིན་སྐོར་ཡང་འགྲེལ་བརྗོད་བྱས་ཡོད་སྐོར་འདུག་ལ། འཇུ་བཟུང་བྱས་པའི་མི་དེ་ནི་བོད་མི་ཞིག་ཡིན་མིན་ལ་དོགས་གཞི་ཡོད་པས། རྒྱ་རིགས་བོད་མི་ལ་བརྫུས་ནས་ཡོང་བ་ཞིག་ཡིན་མིན་ལ་གླེང་སློང་བྱེད་བཞིན་ཡོད་ནའང་། ད་ལྟའི་བར་ཁ་གསལ་ཆགས་མི་འདུག འབྲེལ་ཡོད་ཁྲིམས་ཁང་གི་ཡིག་ཆའི་ནང་།  པདྨ་དར་རྒྱས་ངག་དབང་རིག་གཞུང་བརྗེ་རེས་ཀྱི་ཐོངས་མཆན་ཐོག་ནས་ཨ་རིར་འབྱོར་འདུག་པ་དང་། ཁོའི་ཐོངས་མཆན་རྫོགས་རྗེས་“ཁོ་བོད་པ་ཡིན་པའི་རྒྱུ་མཚན་གྱིས་”རྒྱ་ནག་ཏུ་འཛིན་བཟུང་དང་མནར་གཅོད་མྱངས་བྱུང་ཚུལ་བཤད་དེ་སྐྱབས་བཅོལ་ཞུས་པའི་ཐོག ཨ་རིའི་དམག་ཏུ་ཞུགས་ནས་ཨེ་རག་(Iraq) ལ་ཐེངས་གཅིག་དང་། ཨ་ཧྥི་གྷ་ནི་སི་ཐན་(Afghanistan) ལ་ཐེངས་གཉིས་ཕྱིན་པའི་མཐར། ནིའུ་ཡོག་ཉེན་རྟོག་ལས་ཁུངས་སུ་ཉེན་རྟོག་པའི་ལས་དོན་སྒྲུབ་ཀྱི་ཡོད་འདུག 

ཁོ་འཛིན་བཟུང་བྱུང་བའི་རྗེས་སུ་ཨ་རིའི་རྫོང་རིམ་པའི་ཁྲིམས་དཔོན་ཞིག་གིས་ཨ་སྒོར་ས་ཡ་གཅིག་གཏའ་དངུལ་འོག གནས་སྐབས་གློད་གྲོལ་གཏངོ་རྒྱུ་ཐག་གཅོད་བྱས་འདུག་ཀྱང་། ཨ་རིའི་གཞུང་གི་ཁྲིམས་རྩོད་པས་གལ་ཏེ་ཁོ་གནས་སྐབས་གློད་གྲོལ་བཏང་ཚེ་བྲོས་བྱོལ་འགྲོ་བའི་ཉེན་ཁ་ཆེན་པོ་ཡོད་པ་དང་། ཁོ་དང་འབྲེལ་བ་ཡོད་པའི་རྒྱ་ནག་གི་དོན་གཅོད་ཁང་གིས་བྲོས་བྱོལ་ཐད་རོགས་རམ་བྱེད་ཉེན་ཡོད་སྐོར་བརྗོད་འདུག ཕྱིས་སུ་ཁྲིམས་དཔོན་གཞན་ཞིག་གིས་ཁོ་གནས་སྐབས་གློད་གྲོལ་གཏོང་རྒྱུ་བཀག་འགོག་བྱས་འདུག་པ་དང་། ཁོས་ཁྲིམས་ཁང་གཞན་ཞིག་ལ་དེའི་ཐོག་ཞུ་གཏུག་བྱས་ནས་ཁྲིམས་ཁང་དེའི་ཐག་གཅོད་ངང་སྒུག་བྱེད་བཞིན་ཡོད་པ་རེད་འདུག །

གསར་འགོད་པ་སྐལ་བཟང་དོན་གྲུབ།