ཨ་རིས་བསྐྱར་དུ་རྒྱ་ནག་གི་གསར་ཁང་བཞི་ལ་རྒྱ་གཞུང་གི་ལས་དོན་སྤེལ་མཁན་ཡིན་པར་ངོས་འཛིན་བྱེད་རྒྱུ་ཡིན་འདུག
ཨ་རིའི་གཞུང་གིས་དེ་སྔོན་ཨ་རིའི་ནང་དུ་གསར་འགོད་པའི་ལས་དོན་སྤེལ་མཁན་རྒྱ་ནག་གི་གསར་ཁང་ཁག་ཅིག་ནི། རྒྱ་ནག་དམར་ཤོག་གཞུང་གི་དྲིལ་བསྒྲགས་ལས་དོན་སྤེལ་མཁན་ལ་ངོས་འཛིན་གྱིས། དེ་དག་ལ་ཕྱིའི་རྒྱལ་ཁབ་ཁག་གི་གཞུང་དོན་སྤེལ་མཁན་ལས་ཁང་གི་ཁྲིམས་སྒྲིག་ལག་བསྟར་བྱས་ཡོད་པ་ལྟར། ཐེངས་འདིར་བསྐྱར་དུ་རྒྱ་ནག་གི་གསར་ཁང་བཞི་ཡང་རང་དབང་ཅན་གྱི་གསར་ཁང་མིན་པར། རྒྱ་ནག་གཞུང་གི་དྲིལ་བསྒྲགས་ལས་དོན་སྤེལ་མཁན་ཡིན་པར་ངོས་འཛིན་བྱས་འདུག དེ་སྔོན་ལྟར་ཐག་གཅོད་དེར་རྒྱ་ནག་གིས་རྒོལ་ལན་ཡང་སློག་སྲིད་པ་རེད་འདུག
ཟླ་༦ པའི་ཚེས་༢༣ ཉིན་རྒྱལ་སྤྱིའི་བརྒྱུད་ལམ་ཁག་ཏུ་གནས་ཚུལ་སྤེལ་གསལ། ཨ་རིའི་གཞུང་གི་ཕྱི་སྲིད་ལས་ཁང་གི་ཤར་ཨེ་ཤི་ཡ་དང་ཞི་བདེ་རྒྱ་མཚོའི་མངའ་ཁུལ་ལས་ཁང་གི་དྲུང་ཆེའི་ལས་རོགས་ཌེ་ཝིཌ་སཱིཀྲིལ་ཝེལ་གྱིས་ཟླ་༦ པའི་ཚེས་༢༢ ཉིན། རྒྱ་ནག་དབུས་བརྙན་འཕྲིན་ཁང་།(China Central Television) རྒྱ་ནག་གསར་འགྱུར་ལས་ཁང།(China News Service) མི་མང་ཉིན་རེའི་ཚགས་པར།(People’s Daily) གོ་ལའི་དུས་བབ་(People’s Daily)བཅས་བཞི་ནི། རང་དབང་ཅན་གྱི་གསར་ཁང་གི་སྒྲིག་འཛུགས་མིན་པ་དང་། དེ་ཚོ་ཚང་མ་རྒྱ་ནག་དམར་ཤོག་ཚོགས་པས་སྟངས་འཛིན་བྱེད་ཀྱི་ཡོད་ཁར། དྲིལ་བསྒྲགས་བརྒྱུད་ལམ་ཞེས་ངོས་འཛིན་བྱེད་ཀྱི་ཡོད་པས། དེ་ཚོ་བཞི་ནི་ཕྱིའི་རྒྱལ་ཁབ་ཀྱི་གཞུང་དོན་སྤེལ་མཁན་སྒྲིག་འཛུགས་ལ་ངོས་འཛིན་བྱེད་རྒྱུ་ཡིན་སྐོར་བརྗོད་འདུག
དེ་སྔོན་ཟླ་༢ པའི་ནང་ཨ་རིའི་གཞུང་གིས་རྒྱ་ནག་གཞུང་འབྲེལ་བརྒྱུད་ལམ་ལྔ་པོ་ནི་ཤིན་ཧྭ་གསར་ཁང་།(Xinhua News Agency) དང་། རྒྱ་ནག་གི་རྒྱལ་སྤྱིའི་བརྙན་འཕྲིན་ཁང་(China Global Television Network) རྒྱ་ནག་གི་རྒྱལ་སྤྱིའི་རླུང་འཕྲིན་ཁང་།(China Radio International) རྒྱ་ནག་ཉིན་རེའི་གསར་ཁང་།(China Daily Distribution Corp) མི་མང་ཉིན་རེའི་ཚགས་པར་(China Daily Distribution Corp) འགྲེམས་སྤེལ་བྱེད་མཁན་ཧའེ་ཊན་འཛུགས་སྐྲུན་ཚོང་ལས་ཁང་(Hai Tian Development USA, Inc) བཅས་རྒྱ་ནག་དམར་ཤོག་ཚོགས་པའི་ལས་དོན་སྒྲུབ་མཁན་ཡིན་པར་ངོས་འཛིན་གྱིས། ཕྱིའི་རྒྱལ་ཁབ་ཁག་གི་གཞུང་ཚབ་མི་སྣ་རྣམས་ལ་ཡོད་པའི་ཁྲིམས་ལག་བསྟར་བྱེད་རྒྱུའི་གསལ་བསྒྲགས་བྱས་ཡོད་པ་རེད། སྐབས་དེར་ཐག་གཅོད་དེ་ལ་བརྟེན་ནས་རྒྱ་ནག་གཞུང་གིས་ཨ་རིའི་གསར་ཁང་ཆེ་གྲས་གསུམ་གྱི་གསར་འགོད་པ་རྣམས་རྒྱ་ནག་ནས་ཕྱིར་འབུད་བཏང་ཡོད་པ་རེད།
དཔྱད་བརྗོད་པ་ཁག་གིས་བརྗོད་དོན་ལྟར་ན། ཨ་རིའི་སྲིད་འཛིན་སླེབས་པར་ཟླ་བ་༤ ལྷག་མ་གཏོགས་མེད་པ་དང་། སྲིད་འཛིན་ཊོམ་གྱིས་ཨ་རིའི་ནང་རྒྱ་ནག་གི་ཏོག་དབྱིབས་ནད་དུག་བཀག་འགོག་ལས་དོན་ལ་འཐུས་ཤོར་ཆེན་པོ་སོང་ཡོད་པ་དང་། དེ་བཞིན་མི་རིགས་ནག་པོའི་ཐོབ་ཐང་ལས་འགུལ། དཔལ་འབྱོར་ཉམས་རྒུད་སོགས་ལ་བརྟེན་ནས། ཊོམ་ལ་རྒྱལ་ཁ་བསྐྱར་དུ་ཐོབ་པའི་ངེས་པ་མེད་པའི་སྐབས་དེར། རྒྱ་ནག་གཞུང་གིས་རྒྱ་ནག་ནང་དུ་སྨྲ་བརྗོད་རང་དབང་སོགས་བཀག་འགོག་བྱས་རྐྱེན། ཏོག་དབྱིབས་ནད་དུག་འཛམ་གླིང་གང་སར་ཁྱབ་གདལ་བྱུང་ཡོད་པ་དང་། ཨ་རིའི་ནང་གི་གནས་སྟངས་ཛ་དྲག་ཆགས་རྐྱེན་དེ་ཡང་གཙོ་བོ་རྒྱ་ནག་གཞུང་ཡིན་པའི་སྐྱོན་བརྗོད་ཐོག ཨ་རིའི་ནང་འཐུས་ཤོར་སོང་བའི་ཉེས་པ་དེ་རྒྱ་ནག་ལ་གཡོགས་ནས་མི་མང་གི་ཁོང་ཁྲོ་དེ་རྒྱ་ནག་ཕྱོགས་སུ་ཁ་བསྒྱུར་ཐབས་ཡིན་པ། དེ་མིན་ལས་དོན་དེ་རིགས་དེ་སྔོན་ནས་བྱེད་དགོས་པ་ཞིག་ཡིན་ཡང་། ཤེས་བཞིན་དུ་རང་དགར་འཇོག་དགོས་དོན་མེད་སྐོར་བརྗོད་བཞིན་འདུག ། གསར་འགོད་པ་སྐལ་བཟང་དོན་གྲུབ།