ཨ་རི་བོད་ཀྱི་ཐེབས་རྩ་དབུ་བརྙེས་ནས་ལོ་ངོ་སུམ་ཅུ་འཁོར་བ།
དེ་ཡང་ཕྱི་ལོ་༢༠༡༡ ཟླ་༤ ཚེས་༢༨ ཉིན་གྲོང་ཁྱེར་ནིའུ་ཡོག་གི་(The Pierre Hotel ) མགྲོན་ཁང་ནང་གསོལ་སྟོན་ཆེན་མོ་ཞིག་གོ་སྒྲིག་ཞུས་ཤིང༌། གསོལ་སྟོན་འདི་གྲོང་ཁྱེར་ནིའུ་ཡོག་ཏུ་རྟེན་གཞི་བྱས་པའི་ཆེས་སྙན་གྲགས་ཅན་གྱི་མ་བྱན་ཆེན་མོ་ (Master Chef Eric Ripert) དང༌། ཁོང་དང་འདྲ་བ་བཅུ་གཅིག་བཅས་ཁྱོན་སྐད་གྲགས་ཅན་གྱི་མ་བྱན་བཅུ་གཉིས་ནས་སྐུ་མགྲོན་ཉི་ཤུ་ཐམ་པ་རེ་ཡོད་པའི་གསོལ་ལྕོག་བཅུ་གཉིས་ཀྱི་སྟེང་དུ་རང་རང་གི་སྐུ་མགྲོན་གྱི་མདུན་དུ་བཟོས་ནས་འདེགས་འབུལ་ཞུས་ཡོད་པ་རེད།
ཐེངས་འདིའི་མཛད་སྒོའི་ཐོག་ཨ་རི་སྐུ་ཚབ་དོན་གཅོད་བཀའ་ཟུར་བློ་བཟང་སྙན་གྲགས་ལགས་ནས་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཆེད་སྩལ་བཀའ་སློབ་གསུང་འཕྲིན་སྒྲོགས་སྦྱང་གནང་བ་དང༌། དེ་རྗེས་ཐེབས་རྩའི་ཚོགས་གཅོ་ཚོགས་གཞོན་ཟུང་ནས་བོད་ཀྱི་རྩ་དོན་ཐོག་ལ་བཀའ་དྲིན་ཆེ་བའི་གྲགས་ཅན་གློག་བརྙན་འཁྲབ་སྟོན་པ་(Richard Gere ) སྐུ་ཞབས་རིཅཱཌི་གྷེ་ཡར་མཆོག་དང༌། (Rubin Museum of Art) རུ་བྷིན་མིའུ་སིཡེམ་ཞེས་པའི་འགྲེམས་སྟོན་ཁང་གི་སྦྱིན་བདག་ (Shelley and Donald Rubin) ཤེ་ལི་དང་ཌོ་ནལཌ་རུ་བྷིན་གཏན་ཞལ་རྣམ་གཉིས་བཅས་པར་དམིགས་བསལ་གཟེངས་རྟགས་ཀྱང་འབུལ་ལམ་ཞུས་ཡོད་པ་རེད།
གསོལ་སྟོན་གསོལ་ལྕོག་ཆེ་བར་ཞལ་འདེབས་ཨ་སྒོར་སྟོང་ཕྲག་༣༥ དང༌། དེ་འོག་རྣམས་ལ། ཨ་སྒོར་ཉིས་ཁྲི། ཞབས་འདེགས་རེ་ལ་སྒོར་ཆིག་སྟོང་ཐམས་པ་རེར་གཏན་འབེབས་བྱས་པ་ལྟར་ཞབས་སྟེགས་༢༡༥ ཚོང་བྲིན་ཐུབ་པ་བྱུང་ཞིང༌། དེ་བྱིངས་ཞབས་སྟེགས་བཞི་བཅུ་ཙམ་དམིགས་བསལ་སྐུ་མགྲོན་རྣམས་ཀྱི་ཆེད་དུ་ཟུར་འཇོག་ཞུས་འདུག སྐབས་དེར་ན་ཆུང་བུ་མོ་བསྟན་འཛིན་ཀུན་གསལ་སོགས་ནས་བོད་ཀྱི་ཐུན་མོང་མ་ཡིན་པའི་གཞས་སྣ་འཁྲབ་སྟོན་བྱས་པའི་ཐོག པར་པ་དང༌། ཐང་ག་མ། རི་མོ་ལ་མཁས་པ། གཞན་ཡང་རང་མི་ལྷ་བྲིས་པ་སོགས་སྒྱུ་རྩལ་མཁས་པའི་མི་སྣ་ཁག་གཅིག་གིས་ཀྱང་རང་རང་གི་ཐུན་མོང་མ་ཡིན་པའི་རིན་ཐང་ཅན་གྱི་དངོས་རྫས་མང་པོ་ཞལ་འདེབས་གནང་སོན་བྱུང་བ་རྣམས་བོད་ཀྱི་ཐེབས་རྩ་ཁང་གི་ལས་དོན་ལ་རྒྱབ་སྐྱོར་ཆེད་གོང་ཚད་འགྲན་བསྡུར་གྱིས་ཚོང་འགྲེམས་ཞུས་འདུག
ཐེབས་རྩའི་འགན་འཛིན་རིན་ཆེན་དར་ལོ་ལགས་ནས། ང་ཚོས་ཐེངས་འདིའི་གཟེངས་རྟགས་སྐུ་ཞབས་(Richard Gere) རི་ཅཱཌ་གྷེ་ཡར་ལ་འབུལ་དགོས་པའི་རྒྱུ་མཚན་ནི། ཁོང་གིས་ད་ཕན་ལོ་ངོ་སུམ་ཅུའི་རིང་གོང་ས་སྐྱབས་མགོན་ཆེན་པོ་མཆོག་གི་འཚེ་མེད་ཞི་བའི་དགོངས་གཞི་ལ་མཐའ་ཅིག་ཏུ་གུས་བཀུར་དང་རྒྱབ་སྐྱོར་གྱིས། བོད་མིའི་རང་དབང་དང༌། འགྲོ་བ་མིའི་ཐོབ་ཐང་གི་ཆེད་དུ་ཡུན་རིང་རྩོད་གླེང༌གནང་བ་མ་ཟད། རྒྱལ་ས་ཝ་ཤིང་ཊོན་དུ་རྟེན་གཞི་བྱས་པའི་བོད་དོན་རྒྱབ་སྐྱོར་ལས་འགུལ་ཁང་གི་ཚོགས་གཙོའི་མཚན་ཐོག་ནས་ཨ་རིའི་གྲོས་ཚོགས་དང་ཡུ་རོབ་གྲོས་ཚོགས་སོགས་ལ་ཞུ་འབོད་སྔ་རྗེས་གནང་བའི་ཐོག རྒྱུན་དུ་གོ་སྐབས་ནམ་བྱུང་ལ་བོད་དོན་དྲིལ་བསྒྲགས་ཤུགས་ཆེ་གནང་བཞིན་ཡོད་པ་དང༌། ལྷག་པར་བོད་ཀྱི་ནང་ཆོས་དང༌། རིག་གཞུང་སྲུང་སྐྱོབས་གཙོ་གྱུར་འཕྲོད་བསྟེན་སོགས་ལས་འཆར་སྣ་ཚོགས་ཀྱི་ཆེད་དུ་རོགས་རམ་རྒྱ་ཆེ་གནང་དང་གནང་བཞིན་པ་མ་ཟད། ཕྱི་ལོ་༡༩༨༧ ལོར་ནིའུ་ཡོག་ཏུ་བོད་ཁང་གསར་འཛུགས་གནང་བ་དང༌། ཕྱི་ལོ་ ༡༩༩༡ ལོར་རྒྱལ་སྤྱིའི་བོད་ཀྱི་ལོ་ཚིགས་སྲུང་རྩིའི་ལས་འགུལ་སྤེལ་བ་སོགས་གཟེངས་སུ་ཐོན་པའི་བྱས་རྗེས་ལ་བཀྲིན་དྲན་ཤེས་ཀྱིས་བསྔགས་བརྗོད་ཞུ་རྒྱུ་གལ་ཆེར་ངོས་འཛིན་ཞུས་ཡོད་ཅེས་དང༌།
གོང་བཞིན་བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་ཉམས་ཆག་འགྲོ་བཞིན་པའི་སྐབས་འདིར་(Shelley and Donald Rubin) སྐུ་ཞབས་རུ་བྷིན་གཏན་ཞལ་གཉིས་ནས་རིག་གནས་གསར་བརྗེའི་སྐབས་གཏོར་གྱར་བྱུང་བའི་བོད་ཀྱི་རིན་ཐང་བྲལ་བའི་ཞལ་ཐང་རྙིང་པ་གང་ཐོབ་ནག་ཚོང་པའི་ལག་པ་ནས་ཉོས་ཏེ། (Rubin Museum of Arts) ཞེས་པའི་འགྲེམས་སྟོན་ཁང་གསར་འཛུགས་གནང་ནས་བོད་བརྒྱུད་ནང་བསྟན་དང༌། བོད་ཀྱི་ཐུན་མོང་མ་ཡིན་པའི་རིག་གཞུང་དྲིལ་བསྒྲགས་གཞི་རྒྱ་ཆེ་བའི་ཐོག (Himalayan Art Resources) ཞེས་པའི་ལས་འཆར་གྱི་ཐོག་ནས་བོན་པོ་དང༌། ས་དགེ་བཀའ་རྙིང་བཅས་ཆོས་ལུགས་སོ་སོའི་དགོན་པ་ཁག་ནས་ཐོར་གྱར་སོང་བའི་ཞལ་ཐང་ རྙིང་པ་༢༥༠༠༠ ཙམ་གྱི་སྐུ་པར་དང༌། དེ་དག་གི་ལོ་རྒྱུས་ཞིབ་ཁྲ་གསལ་བའི་དྲ་རྒྱ་དབུ་འབྱེད་གནང་བ་མ་ཟད། སྐུ་ཞབས་(Gene Smith) ཇྷིན་སུམིཐི་ཞིང་གཤེགས་ཀྱི་ (Tibetan Buddhist Resource Center) ཞེས་པའི་ནང་པའི་དཔེ་དེབ་ལྟེ་གནས་ཁང་ནས་རིག་གནས་གསར་བརྗེའི་སྐབས་ཐོར་གྱར་སོང་བའི་དཔེ་དེབ་རྙིང་པ་སྟོང་ཕྲག་མང་པོ་བསྡུ་རུབ་གནང་སྟེ། དཔར་བཤུས་ཀྱིས་དྲ་རྒྱའི་དཔེ་མཛོད་གསར་འཛུགས་ལས་གཞི་བཅས་ལའང་དཔལ་འབྱོར་གྱི་རྒྱབ་སྐྱོར་གནང་བཞིན་པ་ཧ་ཅང་ཕན་རླབས་ཆེ་བའི་ཐོག བོད་ཕྱི་ནང་གཉིས་སུ་ཁོར་ཡུག་དང་རིག་གཞུང་སྲུང་སྐྱོབས་ཀྱི་ལས་འཆར་མང་པོར་རོགས་རམ་གནང་བཞིན་པར་བརྟེན་ཁོང་གཉིས་ལའང་བཀའ་དྲིན་དྲན་གསོ་ཞུ་རྒྱུ་གལ་གནད་ཆེན་པོ་ངོས་འཛིན་ཞུས་པ་ཡིན་ཞེས་གསུངས་འདུག།
{jcomments on}