ཨ་རིས་སླར་ཡང་ཐའེ་ཝན་ལ་མཚོན་ཆ་གསར་པ་འཚོང་རྒྱུར་མོས་མཐུན་བྱས་འདུག

རྒྱ་ནག་གིས་ཐའེ་ཝན་ལ་འཇིགས་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བཞིན་པ་མ་ཟད། ཞི་ཅིན་ཕིང་གིས་དམག་དཔུང་ལ་“དམག་རྒྱག་རྒྱུའི་གྲ་སྒྲིག་བྱེད་དགོས་”པའི་སྐུལ་མ་བཏང་ནས་ཐའེ་ཝན་མཚོ་ཁུག་ཏུ་ཛ་དྲག་གི་རྣམ་པ་ཞིག་མངོན་བཞིན་པའི་སྐབས་འདིར། ཨ་རིས་སླར་ཡང་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་༡ ལྷག་གི་མཚོན་ཆ་འཚོང་རྒྱུའི་མོས་མཐུན་བྱས་འདུག 

ཊོམ་སྲིད་གཞུང་ནས་ཐའེ་ཝན་ལ་ཨ་སྒོར་ཐེར་འབུམ་༡ ལྷག་གི་དེང་རབས་སྔོན་ཐོན་མཚོན་ཆ་འཚོང་རྒྱུའི་མོས་མཐུན་བྱས་འདུག་པས། དེར་རྒྱ་ནག་མི་དགའ་བ་ཆགས་ངེས་པ་མ་ཟད། བོད་དང་། ཚོང་ལས། ཧོང་ཀོང་། ལྷོ་རྒྱ་ནག་རྒྱ་མཚོ་ལྟ་བུའི་གནད་དོན་སྣ་ཚོགས་ཀྱི་ཐོག་ནས་རྩོད་རྙོག་ཤུགས་ཆེན་འབྱུང་འགོ་ཚུགས་ཟིན་པའི་ཨ་རྒྱ་གཉིས་ཀྱི་འགལ་བ་དེ་མུ་མཐུད་དྲག་ཏུ་འགྱུར་རྒྱུ་ཡིན་འདུག 

ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་ཕྱི་ཟླ་༡༠ ཨ་རིའི་ཚེས་༢༡ རེས་གཟའ་ལྷག་པའི་ཉིན་གོ་མཚོན་འབོར་ཆེན་དེ་འཚོང་རྒྱུར་མོས་མཐུན་བྱས་པ་ཡིན་པའི་ཕྱིར་བསྒྲགས་བྱས་འདུག་ཅིང་། ད་ཐེངས་ཀྱི་གོ་མཚོན་དེའི་ནང་སྐམ་སའི་མེ་ཤུགས་འཕུར་མདའ་(precison land attack missiles) ༡༣༥ དང་། འབྲེལ་ཡོད་ལག་ཆ་དང་སྦྱོང་བརྡར་སོགས་འདུས་ཡོད་འདུག 

ཐེངས་འདིའི་གོ་མཚོན་ཉོ་ཚོང་དང་འབྲེལ་བའི་ཐད་ལ། ཨ་རིའི་ཕྱི་སྲིད་ལས་ཁུངས་ནས་“ཉོ་ཚོང་འདིས་ཉོ་མཁན་གྱི་དམག་ཤུགས་དེང་རབས་ཅན་དུ་བསྒྱུར་བ་དང་། རང་སྲུང་གི་ནུས་པ་ཤུགས་ཆེ་རུ་བཏང་བར་བརྟེན་ནས་ཨ་རིའི་དཔལ་འབྱོར་དང་བདེ་འཇགས་ལ་ཕན་ཐོགས་ཡོང་ངེས་”ཞེས་བརྗོད་པ་མ་ཟད།  “ཉོ་ཚོང་འདིས་ཉོ་མཁན་གྱི་བདེ་འཇགས་བཟང་དུ་གཏོང་བ་དང་། ཆབ་སྲིད་ཀྱི་བརྟན་ལྷིང་རྒྱུན་སྐྱོང་ཡོང་བྱེད་པར་ཕན་ཐོགས་ཡོང་ངེས་”ཞེས་བསྣན་འདུག 

ཐའེ་ཝན་ལ་རྒྱ་ནག་གི་ཕྱོགས་ནས་དྲག་པོའི་བཙན་འཛུལ་གྱི་འཇིགས་སྐུལ་འཕྲད་པ་ཤུགས་ཆེ་རུ་འགྱུར་བཞིན་ཡོད་སྟབས། ཨ་རིའི་རྒྱབ་སྐྱོར་དེར་ཐའེ་ཝན་རྒྱལ་སྲུང་ལས་ཁུངས་ནས་ཐུགས་རྗེ་ཆེ་ཞུས་འདུག ཉེ་བའི་ཆར་ཊོམ་སྲིད་གཞུང་ནས་ཐའེ་ཝན་ལ་རང་སྲུང་གི་གོ་མཚོན་ཕོན་ཆེན་བཙོངས་པ་དང་། སྐུ་ཚབ་མི་སྣ་གལ་ཆེན་འཚམས་གཟིགས་ལ་མངགས་པ། ཝུའུ་ཧན་ཏོག་དབྱིབས་ནད་ཡམས་གདོང་ལེན་གྱི་རོགས་རམ་སོགས་བྱས་ཏེ་ཐའེ་ཝན་ལ་སྔར་འབྱུང་མྱོང་མེད་པའི་རྒྱབ་སྐྱོར་ཤུགས་ཆེན་བྱས་དང་བྱེད་མུས་སུ་ཡོད། 

རྒྱ་ནག་གིས་ཤར་ཨེ་ཤི་ཡའི་མཐའ་རུ་ཆགས་པའི་རྒྱལ་ཁབ་ཆུང་ཆུང་སྟེ། ཐའེ་ཝན་སོ་སོའི་ཁ་བྲལ་ཐབས་མེད་པའི་ཆ་ཤས་ཤིག་ཡིན་ཚུལ་བཤད་ཀྱི་ཡོད་པ་མ་ཟད། བོད་དང་ཤར་ཏུར་ཀི་སི་ཐན་ལྟར་དྲག་པོའི་དམག་གིས་བཙན་འཛུལ་བྱས་ཏེ་བཙན་འོག་ཏུ་བསྡུ་བའི་དམིགས་ཡུལ་དང་འཆར་གཞི་འཐེན་བཞིན་ཡོད། 

གསར་འགོད་པ་དཀོན་མཆོག་རབ་བརྟན།