བོད་མིའི་གསར་འགོད་པའི་ཟབ་སྦྱོང་འགོ་འཛུགས་བྱས་པ།

ཐོག་མར་ནོར་ཝེ་བོད་ཀྱི་རླུང་འཕྲིན་ཁང་གི་འགན་འཛིན་སྤྱི་འཐུས་ཀརྨ་ཡེ་ཤེས་ལགས་ཀྱིས་ཟབ་སྦྱོང་གི་སྐོར་ངོ་སྤྲོད་གནང་དོན། དེ་སྔོན་༢༠༠༦ ལོར་ནོར་ཝེ་རླུང་འཕྲིན་ཁང་གི་ངོས་ནས་ཟབ་སྦྱོང་ཞིག་གོ་སྒྲིག་ཞུས་པ་རེད། དེའི་སྐབས་སུ་ཟབ་སྦྱོང་སྤྲོད་མཁན་ཕྱི་རྒྱལ་བ་དང་རྒྱ་གར་བ་དེ་འདྲ་རེད། དེ་རིང་དེ་འདྲ་མིན་པར་ང་ཚོ་བོད་པའི་གསར་འགྱུར་བརྒྱུད་ཁག་རྩ་བའི་ཆ་ནས་རྙིང་པ་ཞེ་དྲག་མ་རེད་དེ། ང་རང་ཚོ་ལ་དཔག་པའི་ཉམས་མྱོང་ཞིག་ཡོད་པ་ཡིན་སྟབས། ཟབ་སྦྱོང་སྤྲོད་མཁན་རྣམས་ང་རང་ཚོའི་བརྒྱུད་ལམ་ཁག་གི་ནང་དུ་ཕྱག་ལས་གནང་མཁན་རྐྱང་རྐྱང་ཡིན་ཞེས་དང་།

 

workshop_vot_1ང་ཚོའི་གསར་འགྱུར་བརྒྱུད་ལམ་དེ་མང་གཙོའི་ཀ་བ་བཞི་པ་ཡིན་གསུང་དུས། བརྒྱུད་ལམ་གྱི་ངོས་ནས་ང་རང་ཚོ་བོད་པ་ཚང་མ་རུག་རུག་བྱས་ནས་གོ་སྡུར་བྱེད་པ། ཡར་རྒྱས་ག་འདྲ་གཏོང་དགོས་པ་རེད། ལྷག་པར་དུ་རྒྱ་ནག་གི་ངོས་ནས་ཕྱི་ཕྱོགས་སུ་དྲིལ་བསྒྲགས་དང་། རྒྱ་ནག་ནང་དུ་དྲིལ་བསྒྲགས་བྱེད་ཕྱོགས། བོད་སྐད་ཀྱི་ཐོག་ནས་རྒྱ་ནག་གིས་དྲིལ་བསྒྲགས་བྱེད་ཕྱོགས་དེ་ཚོ་ཤུགས་ཆེན་པོ་ཡིན་སྟབས། ང་ཚོས་བཙན་བྱོལ་བའི་གནས་སྟངས་ལ་དཔག་པའི་ཡར་རྒྱས་གཏོང་རྒྱུ་གལ་ཆེན་པོ་ཡིན་སྟབས། རླུང་འཕྲིན་ཁང་དང་འབྲེལ་བ་ཡོད་པའི་རོགས་ཚོགས་ཤིག་གི་འགྲོ་གྲོན་བཏང་ནས་ཟབ་སྦྱོང་འདི་གོ་སྒྲིག་བྱས་པ་ཡིན་ཞེས་འགྲེལ་བརྗོད་གནང་སོང་།

 

དེ་ནས་སྐུ་མགྲོན་གཙོ་བོ་བོད་གཞུང་ཕྱི་དྲིལ་བཀའ་བློན་སྟག་ལྷ་སྐལ་བཟང་དབྱངས་སྐྱིད་མཆོག་གིས་གསུང་དོན། ནམ་རྒྱུན་གསར་འགྱུར་བརྒྱུད་ལམ་ཞེས་ལབ་དུས་ཕྱི་རྒྱལ་དང་རྒྱ་གར་ལྟ་བུ་མ་གཏོགས། ང་ཚོའི་སྤྱི་ཚོགས་ནང་དུ་དེ་ཙམ་ཤུགས་ཆེན་པོ་ཆགས་ཐུབ་མེད་པའི་བཟོ་ལྟ་བུ་ཞིག་རེད། འོན་ཀྱང་དེ་རིང་འདིར་ཕྱག་ལས་གནང་མཁན་དང་། ཉམས་མྱོང་ཡོད་མཁན་རྣམས་ཀྱིས་ནོར་ཝེ་རླུང་འཕྲིན་ཁང་གིས་གོ་སྐབས་ཕུལ་ནས། རྣམ་པ་ཚོས་དགོངས་ཚུལ་བརྗེ་རེས་དང་ཉམས་མྱོང་སྤེལ་རེས་ཀྱི་གོ་སྐབས་གནང་བ་དེ་ཧ་ཅང་ཡག་པོ་རེད་ཅེས་དང་།

ང་ཚོ་བོད་ཀྱི་གནས་སྟངས་དེ་ཁག་པོ་ཆགས་ནས། སོ་སོའི་མི་རིགས་དང་རྒྱལ་ཁབ་ཀྱི་ཐོབ་ཐང་རྩོད་དགོས་པ་བོད་མི་རེ་རེའི་ཚོར་བའི་ནང་དུ་ཡོད་པའི་ཐོག་ནས་སྐུ་ལས་བསྐྱོན་གྱི་ཡོད་པ་རེད། དེ་ཡིན་དུས་ཚང་མ་ལ་བསྙབས་ཐུབ་རྒྱུ་དེ་གལ་ཆེན་པོ་ཞེ་དྲག་རེད། ང་རང་ཚོ་བོད་རིགས་ཀྱི་གསར་འགྱུར་བརྒྱུད་ལམ་ཐོག་ལ་ཆ་བཞག་པ་ཡིན་ན། སྐབས་མཚམས་སུ་བྱུང་བའི་གནས་ཚུལ་གཅིག་པུ་མ་ཡིན་པར་རྒྱབ་ལྗོངས་ཀྱི་གནས་ཚུལ་མཁྱེན་དགོས་པ་གལ་ཆེན་པོ་ཞེ་དྲག་ཆགས་ཀྱི་འདུག གང་ཡིན་ཟེར་ན། གནས་ཚུལ་ཞིག་འདོན་དུས་རྒྱབ་ལྗོངས་དེ་ཤེས་ནས་བཏོན་པ་ཡིན་ན། ཚགས་ཚུད་པོ་དང་རང་བཞིན་གྱི་མིའི་གུས་བརྩི་བྱེད་པ་ཞིག་ཡོང་གི་རེད་ཅེས་དང་།

 

workshop_vot_2སྤྱིར་བཏང་གསར་འགྱུར་བརྒྱུད་ལམ་ཁག་དེ་དཀྱིལ་དུ་བཞུགས་ནས་ཕྱག་ལས་གནང་རྒྱུ་གལ་ཆེན་པོ་རེད། གཉིས་ནས་ང་ཚོ་བཀྲུས་ནས་དག་རྒྱུ་མེད་པའི་བོད་མི་ཞིག་ཡིན་སྟབས། རྣམ་པ་ཚོས་རྩ་དོན་དང་བོད་མིའི་དོན་དག་དེ་ཚང་མའི་ཐུགས་ལ་ཚོར་བ་རྣོན་པོ་ཡོད་རེད་བསམ་གྱི་འདུག དེ་ཡིན་དུས་ཚ་ཆང་བ་ཞིག་གནང་རྒྱུ་དེ་བོད་པའི་རྒྱལ་ཁབ་ཡིན་ན་འདྲ། ལྷག་པར་དུ་ཆབ་སྲིད་དང་རིག་གཞུང་ཐོག་ལ་མཁྱེན་དགོས་པ་དེའང་གལ་ཆེན་པོ་རེད་འདུག  སྤྱིར་བཏང་ཚང་མས་མི་ཤེས་པ་ཞིག་ཡོད་མ་རེད་དེ། གསར་འགྱུར་ཐོག་ཕྱག་ལས་གནང་མཁན་ཟེར་བ་དེ་གང་ཅིའི་ཐད་ལ་མཁྱེན་རྟོགས་ཡོད་མཁན་ལྟ་བུ་ཞིག་དགོས་པ་ཡིན་སྟབས། ཚང་མས་སྔར་ལས་ལྷག་པའི་འབད་བརྩོན་གནང་རྒྱུ་གལ་ཆེན་པོ་རེད། དེར་བརྟེན་ཚང་མས་གོ་སྡུར་ལྷུག་པོ་གནང་རོགས་ཞེས་སོགས་གསུང་བཤད་གནང་སོང་།

 

workshop_vot_3ཉིན་དང་པོའི་ཉིན་ཟབ་ཁྲིད་གནང་མཁན་བོད་གཞུང་ཕྱི་དྲིལ་དྲུང་ཆེ་ཐུབ་བསྟན་བསམ་འཕེལ་ལགས་ཀྱིས་བཙན་བྱོལ་བོད་མིའི་མང་གཙོའི་འཕེལ་རིམ་ལོ་ངོ་ལྔ་བཅུ་འཁོར་བ་དང་གསར་འགོད་པའི་ལས་འགན་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་བ་དང་། ཉིན་རྒྱབ་ཏུ་བོད་ཀྱི་གསར་འགོད་མཐུན་ཚོགས་ཀྱི་ཚོགས་གཙོ་བཀྲ་ཤིས་དབང་ཕྱུག་ལགས་ཀྱིས་བོད་མིའི་གསར་འགྱུར་བརྒྱུད་ལམ་གྱི་འཕེལ་རིམ་སྐོར། དེ་རྗེས་སྐུ་སྒེར་ཡིག་ཚང་རྒྱ་སྐད་སྡེ་ཚན་གྱི་དྲུང་ཆེ་རྔ་པ་ཚེ་རྒྱམ་ལགས་ཀྱིས་རྒྱ་ནག་གཞུང་གི་གསར་འགྱུར་བརྒྱུད་ལམ་གྱི་ནུས་སྟོབས་སྐོར་ལ་གསུང་བཤད་གནང་ཡོད་པ་རེད།

 

ཚེས་༣ ཉིན་སྔ་དྲོ་བོད་གཞུང་ཕྱི་དྲིལ་ལས་ཁུངས་ཀྱི་བུ་ཆུང་བསོད་ནམས་ལགས་ཀྱིས་གསར་འགྱུར་བརྒྱུད་ལམ་འདྲ་མིན་ཐོག་ངོ་སྤྲོད་གནང་རྒྱུ་དང་། དེ་རྗེས་བོད་ཀྱི་བང་ཆེན་གསར་ཤོག་གི་རྩོམ་སྒྲིག་པ་གསེར་རྟ་ཚུལ་ཁྲིམས་ལགས་ཀྱིས་བོད་མིའི་འཐབ་རྩོད་དང་གསར་འགྱུར་བརྒྱུད་ལམ་ཞེས་པའི་བརྗོད་གཞིའི་ཐོག་གསུང་བཤད་གནང་རྒྱུ། ཉིན་རྒྱབ་ཏུ་ཐ་སྙད་གཅིག་གྱུར་དང་དེའི་གལ་གནད་སྐོར་ལ་བོད་གཞུང་ཤེས་རིག་རྩོམ་སྒྲིག་སྡེ་ཚན་གྱི་འགན་འཛིན་ཀརྨ་སྨོན་ལམ་ལགས་ཀྱིས་གསུང་བཤད་གནང་རྒྱུ་དང་། དེ་ནས་ཟབ་སྦྱོང་མཇུག་བསྡོམས་ཀྱི་ལས་རིམ་དེ་ནོར་ཝེ་རླུང་འཕྲིན་ཁང་གི་འགན་འཛིན་ཀརྨ་ཡེ་ཤེས་ལགས་ཀྱིས་གཙོ་སྐྱོང་གནང་རྒྱུ་ཡིན་པ་རེད།།

{jcomments on}