ཨ་རིས་སླར་ཡང་རྒྱ་ནག་གི་དྲ་རྒྱའི་བཟོ་ཚོང་ཁང་ཆེན་པོ་ཞིག་གཉེར་མི་ཆོག་པ་བཟོས་འདུག
འཛམ་གླིང་ཡོངས་ཀྱིས་རྒྱ་ནག་ལ་དོགས་ཟོན་ནན་པོ་བྱེད་བཞིན་པའི་སྐབས་འདིར། ཨ་རིས་སླར་ཡང་རྒྱལ་ཁབ་ཀྱི་བདེ་འཇགས་དང་གསང་བ་ཉེན་ཁ་བཀག་འགོག་ཆེད་དུ་ཆ་ནཱ་ཡུ་ན་ཁམ་(China Unicom) ཞེས་པའི་རྒྱ་ནག་གི་བཟོ་ཚོང་ཁང་གི་དྲ་བ་དང་། དྲ་བའི་ཡོ་བྱད་ཨ་རིའི་ནང་དུ་བེད་སྤྱོད་གཏོང་མི་ཆོག་པ་བཟོ་རྒྱུ་ཡིན་པའི་གསལ་བསྒྲགས་སྤེལ་ཡོད་འདུག
ཟླ་འདིའི་ཚེས་༢༩ རེས་གཟའ་པ་སངས་ཉིན་བརྒྱུད་ལམ་ཁག་ནས་སྤེལ་བའི་གནས་ཚུལ་ལྟར་ན། ཨ་རིའི་བརྡ་འཕྲིན་ལས་ཁུངས་(FCC) ནས་རྒྱ་ནག་གི་བཟོ་ཚོང་ཁང་དེའི་ཨ་རིའི་ཡན་ལག་ལ་ཉིན་༦༠ ནང་ཚུན་དུ་ལས་དོན་གཉེར་མཚམས་འཇོག་དགོས་པའི་བཀའ་བཏང་ཡོད་འདུག་པས། དེ་ནི་ཨ་རིའི་གཞུང་གིས་བཀག་སྡོམ་བྱས་པའི་རྒྱ་ནག་གི་དྲ་བའི་བཟོ་ཚོང་ཁང་གསར་ཤོས་དེ་ཆགས་ཀྱི་ཡོད་འདུག
རྒྱ་ནག་གི་བརྡ་འཕྲིན་གྱི་བཟོ་ཚོང་ཁང་དེ་བཀག་སྡོམ་བྱེད་དགོས་པའི་རྒྱུ་མཚན་དང་འབྲེལ་བའི་ཐད་ལ། ཨ་རིའི་བརྡ་འཕྲིན་ལས་ཁུངས་ཀྱི་འགན་འཛིན་ཇེ་སཱ་ཁ་(Jessica Rosenworcel) ཡིས་“རྒྱ་ནག་གི་གཞུང་འབྲེལ་དྲ་བའི་བཟོ་ཚོང་ཁང་རྣམས་ཀྱིས་ང་ཚོའི་བརྡ་འཕྲིན་བརྒྱུད་ལམ་ལ་བདེ་འཇགས་ཀྱི་ཉེན་ཁ་སྤྲོད་བཞིན་པའི་དཔང་རྟགས་ཇེ་མང་དང་ཇེ་གསལ་དུ་འགྱུར་བཞིན་ཡོད་”ཅེས་བརྗོད་ཡོད་འདུག
ཉེ་བའི་ལོ་ཤས་ནང་ཨ་རྒྱའི་འབྲེལ་བ་ལ་བསམ་ཡུལ་ལས་འདས་པའི་འགྱུར་བ་ཐེབས་ནས། སྟོབས་ཆེན་རྒྱལ་ཁབ་གཉིས་ཀྱི་བར་དུ་རྩོད་རྙོག་རྒྱུན་མི་ཆད་པར་འབྱུང་བཞིན་པའི་ཐོག རྒྱ་ནག་གིས་ཐབས་བྱུས་འདྲ་མིན་སྣ་ཚོགས་ཀྱིས་ཨ་རིའི་ཚོང་ལས་ཀྱི་གསང་བ་དང་། ཚན་རིག་ལག་རྩལ། རྒྱལ་ཁབ་ཀྱི་གསང་བ་རྣམས་རྐུ་འཁྱེར་བྱེད་བཞིན་པའི་གནས་ཚུལ་ཇེ་མང་དང་ཇེ་གསལ་དུ་འགྱུར་བཞིན་ཡོད་པས། ཨ་རིས་རྒྱ་ནག་གི་འཕྲུལ་ཆས་དང་དྲ་བའི་བཟོ་ཚོང་ཁང་རྣམས་ཨ་རིའི་ནང་ལས་དོན་གཉེར་མི་ཆོག་པའི་དམ་དྲག་ཤུགས་ཆེན་བྱེད་ཀྱི་ཡོད་འདུག
ལོ་སྔོན་མའི་ཕྱི་ཟླ་༡༠ པའི་ནང་ཨ་རིའི་གཞུང་གིས་ཆ་ནཱ་ཋ་ལ་ཁམ་(China Telecom) གི་ལས་དོན་གཉེར་ཆོག་པའི་ལག་ཁྱེར་ཕྱིར་བསྡུ་བྱས་པའི་ཐོག དེའི་ཟླ་བ་གཅིག་གི་རྗེས་ཏེ། ཕྱི་ཟླ་༡༡ ནང་དུ་ཧཱ་ཝེ་བཟོ་ཚོང་ཁང་(Huawei) གིས་གཙོས་པའི་རྒྱ་ནག་གི་བཟོ་ཚོང་ཁང་རྣམས་ཀྱི་ས་ནས་འཕྲུལ་ཆས་དང་དྲ་བའི་ཡོ་བྱད་ཉོ་སྤྱོད་ཆོག་པའི་ཁྲིམས་གསར་པ་གཏན་ལ་ཕབ་ཡོད། །
གསར་འགོད་པ་དཀོན་མཆོག་རབ་བརྟན།