ཨུ་རུ་སུའི་དམག་སར་ཡོད་པའི་དམག་མི་རྣམས་ཀྱི་ཆུང་མས་གཞུང་ལ་ངོ་རྒོལ་ལས་འགུལ་སྤེལ་གྱི་ཡོད་འདུག

སྦི་སྦིའི་སི་གསར་ཁང་གི་པར།

ད་ཆར་ཨུ་རུ་སུ་དང་ཡུག་རེན་གཉིས་བར་དམག་འཁྲུག་འགོ་བཙུགས་ནས་ལོ་གཉིས་མ་ཟིན་ཙམ་འགྲོ་བཞིན་ཡོད་པ་དང་། དུས་ཡུན་དེའི་རིང་ཨུ་རུ་སུ་དང་ཡུག་རེན་ཕྱོགས་གཉིས་ཀའི་དམག་མི་སྟོང་ཚོ་མང་པོ་དམག་སའི་ཁྲོད་ཤི་རྨས་བྱུང་ཡོད་པ་ནི་བརྗོད་མ་དགོས་པ་རེད། དེ་བཞིན་ཨུ་རུ་སུའི་དམག་སའི་ཁྲོད་དུ་ཡོད་མཁན་གྱི་དམག་མི་དག་གི་ཆུང་མ་རྣམས་ཀྱིས་ཨུ་རུ་སུའི་གཞུང་གིས་དམག་མི་རྣམས་དམག་སར་ཡུན་རིང་བཞག་ཡོད་པས། ཁོང་ཚོ་གང་མགྱོགས་སོ་སོའི་ནང་ལ་ཡོང་འཇུག་དགོས་པའི་དགོས་འདུན་འདོན་གྱི་ཡོད་འདུག 

ཕྱི་ཚེས་༢༢ ཉིན་སྦི་སྦི་སིའི་གསར་འགྱུར་སྤེལ་གསལ་ལྟར་ན། དམག་སའི་ཁྲོད་དུ་ཡོད་པའི་དམག་མིའི་ཆུང་མའི་རུ་ཁག་གཅིག་གིས་མི་ཚོགས་ཁྲོད་གཞུང་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་འདུག་ལ། སྐྱོན་བརྗོད་བྱེད་དགོས་དོན་ནི་ཉེ་ཆར་ཨུ་རུ་སུའི་གཞུང་གིས་དམག་མིའི་ཁ་སྣོན་ཆེད་དུ་སྐྱེས་པ་ཁྱོན་འབུམ་༣ བསྡུ་རུབ་བྱས་པ་དེས་ཡིན་འདུག ཨུ་རུ་སུའི་བུད་མེད་(Maria)ཟེར་བ་ཞིག་གིས་བརྗོད་དོན་ལ། ང་ཚོའི་སྐྱེས་པ་ཚོ་ག་དུས་ནང་ལ་ཡོང་གི་རེད་དམ། དམག་མི་མང་པོ་ཞིག་དམག་ས་ནས་ཕྱིར་ནང་ལ་ལོག་ཡོང་དུས་རྐང་པ་མེད་པ་དང་ལག་པ་མེད་ལོག་ཡོང་གི་འདུག་པས། ཁོང་ཚོ་ག་དུས་ནང་ལ་ལོག་ཡོང་གི་རེད་དམ། ང་ཚོས་ཁོང་ཚོ་བསྒུགས་ནས་ནང་ལ་སྡོད་བཞིན་ཡོད་ཅེས་བརྗོད་ཡོད་འདུག ད་ཆར་ཨུ་རུ་སུའི་ནང་དམག་འཁྲུག་ལ་ལྟ་ཕྱོགས་མི་འདྲ་བ་གཉིས་ཡོད་འདུག་ལ། འགའ་ཤས་ཀྱིས་དམག་འཁྲུག་ལ་ངོ་རྒོལ་བྱེད་ཀྱི་ཡོད་འདུག་ཀྱང་། འགའ་ཤས་ཀྱིས་རྒྱབ་སྐྱོར་བྱེད་ཀྱི་ཡོད་འདུག ཨུ་རུ་སུའི་ནང་དམག་འཁྲུག་ལ་ངོ་རྒོལ་རིགས་བྱས་ཚེ་གཞུང་གིས་འཇུ་བཟུང་བཀག་ཉར་རིགས་བྱེད་རྒྱུའི་ཉེན་ཁ་ཆེན་པོ་ཡོད། ཨུ་རུ་སུའི་ནང་དམག་མིའི་ཆུང་མ་དག་གིས་སྤྱི་ཚོགས་དྲ་ལམ་ནང་(ནང་ལ་ལོག་པ་)ཟེར་བའི་བུད་མེད་རུ་ཁག་ཅིག་བཟོས་ནས་དམག་འཁྲུག་ལ་ཟུར་ཟ་དང་རང་རང་གི་མྱོང་ཚོར། ལོ་རྒྱུས། གནས་ཚུལ་སོགས་གླེང་སློང་བྱེད་ཀྱི་ཡོད་འདུག (Antonin)བུད་མེད་གཅིག་གིས་བརྗོད་དོན་ལ། ཐོག་མར་ང་ཚོས་གཞུང་ལ་ཡིད་ཆེས་བྱས་པ་ཡིན། འོན་ཀྱང་། ད་ཆར་ང་ཚོས་ཡིད་ཆེས་ག་རི་བྱས་ནས་བྱེད་དགོས་རེད།  ངས་ཡིད་ཆེས་བྱེད་ཀྱི་མེད་ཅེས་བརྗོད་འདུག དེ་བཞིན་(Mr Nadezhdin)ཟེར་བའི་མི་མཁས་པ་ཞིག་སྐབས་སྐབས་སུ་གཞུང་འབྲེལ་གྱི་བརྙན་འཕྲིན་ནང་ཐོན་གྱི་ཡོད་པར་བརྟེན། ཉེ་ཆར་ཁོང་གིས་བརྗོད་དོན། ད་ཆར་ཨུ་རུ་སུའི་མི་མང་ཁྲོད་སྲིད་འཛིན་པུ་ཊིན་ལ་དགའ་མོས་བྱེད་མཁན་ཉུང་དུ་ཕྱིན་ཡོད་པར་བརྗོད་ཡོད་འདུག་ལ། དམག་འཁྲུག་དེ་ཡིས་པུ་ཊིན་གྱི་མཚན་སྙན་ལ་གནོད་པ་ཆེན་པོ་བསྐྱལ་ཡོད་པར་བརྗོད་འདུག ད་དུང་ཁོང་གིས་སྲིད་འཛིན་པུ་ཊིན་ནི་ཕྱི་ལོ་༡༩༩༠ ཙམ་ནང་ཧ་ཅང་གིས་སྐད་གྲགས་ཆེན་པོ་ཡོད་རེད། རྒྱུ་མཚན་ནི་ཁོས་ཨུ་རུ་སུའི་བདེ་འཇགས་དང་མཚན་སྙན་ལ་ལེགས་སྐྱེལ་ཆེན་པོ་ཕུལ་ཡོད་ཀྱང་། ད་ཆར་མི་མང་མང་ཆེ་བས་ཨུ་རུ་སུའི་ནང་བདེ་འཇགས་ཤིག་མེད་པ་ཤེས་ཀྱི་ཡོད་རེད་ཅེས་བརྗོད་འདུག 

དེང་སང་ཨུ་རུ་སུའི་ནང་དམག་འཁྲུག་ལ་ངོ་རྒོལ་དང་ཟུར་ཟའི་ཆེད། བདུན་རེའི་གཟའ་སྤེན་པ་ནམ་ཡིན་ལ་དམག་སའི་ཁྲོད་ཡོད་པའི་དམག་མི་སྐྱེས་པ་རྣམས་ཀྱི་ཆུང་མས་མགོ་ལ་རས་དཀར་པོ་དཀྲིས་ནས་ཨུ་རུ་སུའི་རྒྱལ་ས་(Moscow)ལ་ཡོད་པའི་གྱང་ཆེན་པོ་ཞིག་གི་མདུན་དུ་དམག་མི་འདས་པོ་རྣམས་ལ་དུར་མཆོད་བྱེད་ཀྱི་ཡོད་འདུག དུར་མཆོད་བྱེད་མཁན་གྱི་བུད་མེད་གཅིག་གིས་བརྗོད་དོན་ལ། ང་ཚོས་དམག་མི་འདས་པོ་རྣམས་ལ་དུར་མཆོད་དང་། དམག་ས་ལ་ཡོད་མཁན་རྣམས་ལ་གུས་འདུད། དེ་བཞིན་རང་རང་སོ་སོའི་ཁྱོ་གའི་རྗེས་དྲན་ཆེད་དུ་མེ་ཏོག་འབུལ་གྱི་ཡོད་ཅེས་རྗོད་ཀྱི་ཡོད་འདུག (Antonina)ཟེར་བའི་བུད་མེད་དེས་བརྗོད་དོན་ལ་ངའི་ཁྱོ་ག་ཕྱི་ལོ་༢༠༢༢ ཟླ་བ་༡༠ ནང་གཞུང་གིས་དམག་མི་བསྡུ་རུབ་བྱེད་དུས་ཁྲིད་སོང་། ཁོང་ལ་ཕོ་བའི་སྐྲན་ནད་ཡོད་ཀྱང་། དམག་སར་འགྲོ་དགོས་བྱུང་སོང་། དེ་རྗེས་ཕྱི་ལོ་༢༠༢༢ ཟླ་བ་༡༢ ཚེས་༤ ཉིན་ཁོས་ང་ལ་ཁ་པར་གཅིག་བཏང་བྱུང་། སྐབས་དེ་དུས་ཁོ་ངུ་ཡི་འདུག ཁོ་དེ་དུས་ཡུག་རེན་གྱི་ས་ཆ་ཞིག་ལ་ཡོད་པར་བརྗོད་བྱུང་ལ། ངའི་ཁྱོ་ག་དམག་སར་ཧ་ཅང་སྐྲག་གི་ཡོད་པའི་སྣང་བ་ཆེན་པོ་འདུག རྗེས་སུ་ཁོས་ཚེས་༡༣ ཉིན་ང་ལ་བསྐྱར་དུ་ཁ་པར་གཏོང་ཡོང་ཞེས་བརྗོད་བྱུང་ཡང་། དུས་དེ་ནས་བཟུང་ངའི་ཁྱོ་ག་གོ་རྒྱུ་མཐོང་རྒྱུ་མི་འདུག་པས། ང་ལྟ་བུ་ཁྱོ་ག་དམག་སུ་ཕྱིན་ཡོད་ཀྱང་རྗེས་སུ་གོ་རྒྱུ་ཐོས་རྒྱུ་མེད་པར་གྱུར་ཟིན་པའི་བུད་མེད་མང་པོ་ཡོད། སྲིད་འཛིན་པུ་ཊིན་གྱིས་འདི་ལྟར་བྱེད་དགོས་དོན་གང་ཡིན་ནམ། ང་ཚོས་ཁོ་ལ་འོས་བླུགས་པ་ཡིན། ཁོས་ང་ཚོ་ལ་འདི་ལྟར་བྱེད་དགོས་དོན་གང་ཡིན་ནམ་ཞེས་བརྗོད་ཡོད་འདུག 

གསར་འགོད་པ། བསོད་ནམས་ཕུན་ཚོགས།