ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་གཅིག་ལོ་༡༩ བར་བཙོན་འཇུག་དུས་ཡུན་ཕར་འགྱངས།

ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཨ་ལ་ཁ་སི་ན་ཝི་ན་( Alexi Navalny)ཟེར་བ་ཁོང་ལོ་༡༩ རིང་བཙོན་འཇུག་དུས་ཡུན་ཕར་འགྱངས་བྱས་འདུག ཨ་ལ་ཁ་སི་ཡིས་ད་ལྟའི་ལས་ཐོག་སྲིད་འཛིན་པུ་ཌིན་གྱི་ལས་དོན་མང་པོ་ཞིག་ལ་ཁ་གཏད་གཅོག་གིས་ཡོད་པར་བརྟེན། ཁོང་དེ་སྔོན་པུ་ཌིན་གྱིས་ལྐོག་གསོད་གཏོང་ཐབས་བྱས་མྱོང་ཡོད་པ་ཞིག་ཡིན་འདུག
ཕྱི་ཚེས་༥ ཉིན་རྒྱ་གར་གྱི་གསར་ཁང་ཁག་དང་སྦི་སྦི་སི་སོགས་ཀྱི་ནང་གནས་ཚུལ་ཐོན་གསལ་ལ། ཕྱི་ཚེས་༤ ཉིན་ཨུ་རུ་སུའི་ཕྱོགས་འགལ་ཚོགས་པའི་འགོ་ཁྲིད་ཨ་ལ་ཁ་སི་ཟེར་བ། ཁོང་དེ་སྔོན་དངོས་ཟོག་སོགས་བསླུ་བྲིད་བྱས་པའི་ཉེས་མིང་ཕོག་ཡོད་པ་དང་། གཞན་དོན་རྐྱེན་འགའ་ལའང་ཁ་གཡོགས་ནས་ལོ་༡༡ རིང་བཙོན་འཇུག་ཉེས་ཆད་ཕོག་སྟེ་བཙོན་ལ་ཡོད་པའི་སྐབས་འདིར། ཁོང་ཆབ་སྲིད་ཀྱི་ལས་དོན་ལས་རྒྱང་རིང་དུ་གཏོང་ཐབས་སུ་སྲིད་འཛིན་པུ་ཌིན་གྱིས་ཁོང་བཙོན་འཇུག་གི་དུས་ཡུན་རིང་དུ་བཏང་ཡོད་པར་རྗོད་བཞིན་འདུག ཨ་ལ་ཁ་སི་ཟེར་བ་ཁོང་ནི་རང་ལོ་༤༧ དང་ཁྲིམས་རྩོད་པ་ཞིག་ཡིན་འདུག ཁོང་གིས་ད་ལྟའི་ལས་ཐོག་སྲིད་འཛིན་པུ་ཌིན་གྱི་ལས་དོན་བྱེད་ཕྱོགས་ཐད་མཐའ་གཅིག་ཏུ་ཁ་གཏད་གཅོག་གིས་ཡོད་འདུག་པར་བརྟེན། པུ་ཌིན་གྱིས་ཁོང་ལ་དུག་སྤྲད་ནས་ལྐོག་གསོད་གཏོང་ཐབས་བྱས་མྱོང་ཡོད་འདུག དེ་སྔོན་བཙོག་འཇུག་མ་བྱས་སྔོན་ཁོང་གིས་དཔྱད་རྩོམ་མང་པོ་ཞིག་སྤེལ་འགོ་བཙུགས་པར་བརྟེན། ཁོང་གི་དཔྱད་རྩོམ་ནང་ཨུ་རུ་སུའི་རྒྱལ་ཁབ་ནི་ལྐོག་ཟ་རུལ་སུངས་ཀྱིས་རུལ་བཞིན་ཡོད་པ་དང་། ཇག་པ་དང་རྐུན་མས་རྒྱལ་ཁབ་དབང་སྒྱུར་བཞིན་ཡོད་པར་བརྗོད་ཡོད་འདུག དེ་བཞིན་ཁོང་གིས་པུ་ཌིན་གཙོས་པའི་ཨུ་རུ་སུའི་དབང་འཛིན་པ་ཚོས་མི་ཚེ་རྒྱས་སྤྲོད་བྱས་ནས་བསྡད་ཡོད་པ་དང་། ཁོང་ཚོས་རང་སྒེར་གྱི་ཁེ་ཕན་ཆེད་དུ་ཨུ་རུ་སུའི་རྒྱལ་ཁབ་ནང་ལྐོག་ཟ་རུལ་སུངས་ཀྱིས་རྒྱལ་ཁབ་རྩ་མེད་འགྲོ་བཞིན་ཡོད་པར་བརྗོད་ཡོད་འདུག་པ་མ་ཟད། པུ་ཌིན་ཁོ་སྒེར་གྱི་དབང་ཆ་རྒྱ་བསྐྱེད་ཆེད་གཞུང་གི་སྒྲོམ་གཞིའི་ནང་ལམ་ལུགས་གསར་པ་ཞིག་བཟོ་བཞིན་ཡོད་པར་བརྗོད་ཡོད་འདུག ཨ་ལ་ཁ་སི་ཁོང་ཕྱི་ལོ་༢༠༠༠ ལོར་ཨུ་རུ་སུའི་ནང་རྒྱལ་ཞེན་པའི་གོམས་འགྲོས་ཟེར་བའི་ངོ་རྒོལ་ལས་འགུལ་ཞིག་ནང་འཛུལ་ཞུགས་བྱས་པ་ནས་བཟུང་། ཁོང་མི་མང་ཁྲོད་སྙན་གྲགས་ཆེན་པོ་ཆགས་ཡོད་འདུག ཕྱི་ལོ་༢༠༡༡ ལོར་ཁོང་གིས་སྲིད་འཛིན་པུ་ཌིན་ལ་ངོ་རྒོལ་ལས་འགུལ་ཞིག་སྤེལ་དུས། ལས་འགུལ་འགོ་བཙུགས་པ་དང་ཁོང་ཨུ་རུ་སུའི་དམག་མིས་འཛིན་བཟུང་བྱས་ཡོད་འདུག དེ་རྗེས་ཁོང་ཨུ་རུ་སུའི་རྒྱལ་ས་མོ་སི་ཀོའི་གྲོང་ཁྱེར་སྤྱི་ཁྱབ་ཀྱི་འོས་བསྡུའི་ཁྲོད་འཛུལ་ཞུགས་བྱས་མྱོང་འདུག ཕྱི་ལོ་༢༠༡༡ ལོར་བརྙན་འཕྲིན་ཁང་ཞིག་གིས་དྲི་བ་དྲི་ལན་བྱེད་དུས་ཁོང་གིས་བརྗོད་དོན་ལ། ད་ལྟའི་ཨུ་རུ་སུ་ནི་པུ་ཌིན་སྒེར་གཅོད་པའི་དབང་འོག་ཏུ་ལྐོག་ཟ་རུལ་སུངས་ཀྱིས་ཕུང་བཞིན་ཡོད་པར་སྐྱོན་བརྗོད་བྱས་འདུག
ཨ་ལ་ཁ་སི་ཁོང་ཕྱི་ལོ་༢༠༢༠ ལོར་ཨུ་རུ་སུའི་ས་ཆ་(Siberia)ནས་(Moscow)ལ་གནམ་གྲུའི་ནང་ཡོང་དུས་ལམ་བར་དུག་ཕོག་སྟེ། གནམ་གྲུ་ཛ་དྲག་ཐོག་སར་བབས་ནས་སྨན་ཁང་དུ་
འཁྲིད་དགོས་བྱུང་བ་དང་། ཕྱིས་སུ་རྟག་དཔྱད་བྱས་ནས་རྙེད་དོན་ལ་ཨུ་རུ་སུའི་གསང་བའི་ལས་ཁུངས་ཤིག་གིས་ལྐོག་གསོད་བྱེད་ཐབས་ཆེད་དུག་སྤྲད་ཡོད་པར་ཤེས་ཡོད་འདུག ཁོང་ཐེངས་འདིར་ཁྲིམས་ཆད་འཕར་མ་ཕོག་དགོས་དོན་ནི་ཁོང་ལ་ཉེས་མིང་འཕར་མ་དྲུག་བཙུགས་ཡོད་པའི་རྐྱེན་གྱིས་ཡིན་པར་བརྗོད་འདུག ཁོང་གིས་རོགས་པ་ཞིག་ལ་བརྗོད་དོན་ལ་ངས་ནམ་ཡང་ཨུ་རུ་སུའི་ད་ལྟའི་སྲིད་གཞུང་ལ་ངོ་རྒོལ་བྱེད་རྒྱུ་མཚམས་འཇོག་བྱེད་མི་སྲིད་ལ། རང་དབང་ལྡན་པའི་རྒྱལ་ཁབ་གཅིག་སྐྲུན་ཐབས་སུ་ང་ཚོས་ངེས་པར་དུ་བློས་བཏང་བྱེད་དགོས་ཞེས་བརྗོད་འདུག ཁོང་གིས་ཕྱི་ལོ་༢༠༢༢ ནང་པུ་ཌིས་ཡུག་རེན་ནང་བཙན་འཛུལ་འགོ་བཙུགས་པ་དེ་ལ་སྐྱོན་བརྗོད་ཆེན་པོ་བྱས་ཡོད་འདུག་ལ། ཕྱི་ཟླ་༦ ཚེས་༡༩ ཁོང་གིས་ཨུ་རུ་སུའི་སྲིད་འཛིན་པུ་ཌིན་དང་། ཁོས་ཡུག་རེན་ལ་དམག་འཁྲུག་འགོ་བཙུགས་པ་དེར་ངོ་རྒོལ་ལས་འགུལ་ཞིག་གསལ་བསྒྲགས་བྱས་ཡོད་འདུག
གསར་འགོད་པ། བསོད་ནམས་ཕུན་ཚོགས།