ཚེ་རིང་སྒྲོལ་དཀར།

ང་ཚོའི་ཚོགས་པ་སུ་ཡིན་ཡང་སོ་སོའི་མིང་དེ་གཙོ་བོ་བྱེད་དགོས་པའི་ཚོར་སྣང་ཤུགས་ཆེན་པོ་འདུག བོད་ནང་ན་ཡོད་པའི་བོད་པ་ཚོས་ང་ཚོ་བོད་པ་ཡིན་ལབ་པ་མ་གཏོགས་ང་ཁམས་པ་ཡིན། ང་ཨ་མདོ་ཡིན། ང་དབུས་གཙང་ཡིན་ལབ་ནས་སྐད་རྒྱག་གི་ཡོད་པ་མ་རེད། དེ་ནང་བཞིན་ང་ཚོས་ཁོ་ཚོའི་འདོད་པ་ལ་བལྟས་ནས་ལས་འགུལ་སྤེལ་དགོས་རྒྱུ་རེད་བསམ་གྱི་འདུག དཀའ་ངལ་འཕྲད་ས་བོད་ནང་གི་བོད་པ་ཚོ་རེད། ང་ཚོ་རང་དབང་ལུང་པ་ལ་ཡོད་ཙང་དཀའ་ལས་ག་རེ་འདུག དེ་འདྲ་སོང་ཙང་ང་ཚོ་ཚང་མ་བོད་པ་ཡིན་བསམས་ནས་ལས་འགུལ་སྤེལ་རྒྱུ་གལ་ཆེན་པོ་འདུག ང་ཚོས་ལས་འགུལ་སྤེལ་སྐབས་བྲེལ་བ་དང་རྔམས་སྐྲག་བྱས། ཧོབ་སྟེ་ཁ་ལ་ལས་འགུལ་རེ་སྤེལ་རྒྱུ་འདུག དེ་ནི་ནོར་འཁྲུལ་ཞིག་རེད། ལས་འགུལ་གང་སྤེལ་ན་དང་པོ་ཁེ་བཟང་གང་ཡོད་དང་གྱོང་གུད་གང་ཕོག་ལ་བསམ་བློ་བཏང༌། གང་བྱེད་དགོས་དང་མི་དགོས་ལ་ཡག་པོ་བལྟས། ལས་འགུལ་དེའི་དམིགས་ཡུལ་ངོས་ཟིན་པ་བྱས་ནས་ཐག་བཅད། ལས་མི་སོ་སོ་ལ་འཆར་གཞི་དང་ལྡན་པའི་འགན་སྤྲད། ཚགས་ཚུད་པོ་ཞིག་སྤེལ་རྒྱུ་གལ་ཆེན་པོར་མཐོང་སོང༌། དེ་མིན་ལས་འགུལ་སྤེལ་ཐུབ་ཙམ་ཐུབ་ཙམ་བྱུང་བ་བྱས། ལས་འགུལ་གྲུབ་རྗེས་ཡར་ལ་གནོད་བྱུང༌། མར་ལ་གནོད་བྱུང་ཟེར་རྒྱུ་བྱུང་ན་ཡག་པོ་མ་རེད། ང་ཚོས་དབུ་མའི་ལམ་དང་རང་བཙན་གང་བརྩད་ཀྱང་དམིགས་ཡུལ་བོད་དོན་རེད་ཁྱད་པར་མི་འདུག ཡིན་ཡང་གཙོ་བོ་ྋ་སྐུ་མདུན་གྱི་གསུངས་དང་དམིགས་ཡུལ་གཞིར་བཞག་བྱེད་རྒྱུ་གལ་ཆེན་པོ་རེད། ཁོང་ནི་ང་ཚོ་བོད་པ་ཙམ་མ་ཟད་འཛམ་གླིང་གི་སྐྱེ་བོ་རྣམས་ཀྱི་ལམ་སྟོན་པ་ཞིག་རེད། ང་ཚོས་ལས་འགུལ་དེ་ཕྱི་ལོགས་སུ་སྤེལ་བ་ལས་དང་པོ་ནང་ཁུལ་ལ་ཆབ་སྲིད་གོ་རྟོགས་སྤེལ་རྒྱུ་གལ་ཆེན་མཐོང་སོང༌། དཔེར་ན་སྐད་འབོད་དང་ཟས་བཅད་ལྟ་བུའི་ལས་འགུལ་ནང་ཞུགས་མཁན་གྱི་གཞོན་སྐྱེས་ཁ་ཤས་ལ་ཁྱེད་རང་ག་རེའི་ཆེད་དུ་ཡོང་བ་ཡིན་དྲིས་སྐབས། ང་ལ་སྐད་རྒྱག་སར་ཤོག་ཟེར་གྱི་འདུག་ཟེར་བ་ལས་བཤད་རྒྱུ་མེད་མཁན་མཐོང་རྒྱུ་འདུག དེ་ཚོ་ངོ་ཚ་བོ་རེད། དེ་འདྲ་ཡིན་ཙང་ནང་ཁུལ་ང་རང་ཚོའི་སྐྱབས་བཅོལ་ཟེར་བ་གང་ཡིན། དབུ་མའི་ལམ་ཟེར་བ་ག་རེ་ཡིན། རང་བཙན་གཙང་མ་ཟེར་ན་ག་རེ་ཡིན་མ་ཤེས་ན་ངོ་མ་ཐབས་སྐྱོ་བོ་རེད། དེར་བརྟེན་ཆབ་སྲིད་ཀྱི་གོ་རྒྱ་ཤེས་རྒྱ་ཡོད་པ་བྱེད་རྒྱུ་དང་རྡོག་རྩ་གཅིག་སྒྲིལ་བྱ་རྒྱུ་གལ་ཆེན་རེད། འདི་ནི་ང་རང་གིས་གལ་ཆེན་དུ་མཐོང་བའི་བོད་མི་ཚོས་ལས་འགུལ་སྤེལ་ཕྱོགས་ལ་བསམ་ཚུལ་ཉུང་ཉུང་ཞིག་ཞུས་པ་ཡིན།།