གནས་མཆོག་རྡོ་རྗེ་གདན་དུ་འབྱོར་བའི་མཐོང་ཐོས་ཁག
དེ་ལྟར་དྲན་བཞིན་མཆོད་རྟེན་རིན་པོ་ཆེར་སྐོར་བ་ཐེངས་གཅིག་བརྒྱབ་པའི་སྐབས་རྒྱ་གར་བ་མང་པོ་མཆོད་མེ་ཉོས་ཟེར་མཁན་ཧ་ཅང་མང་པོ་འདུག་ལ། བོད་པ་ཁག་ཅིག་གིས་མཆོད་མེ་བརྒྱ་མཆོད་ཁ་ཤས་ཉོས་ཏེ་སྦར་ནས་སོང་བའི་རྗེས་སུ་རྒྱ་གར་བ་དེ་དག་གིས་སྡོང་བུ་བཀོག་ནས་སླར་ཡང་སྡོང་བུ་གསར་པ་རེ་བཙུག་ནས་མི་གཞན་དག་ལ་བཙོང་གི་འདུག ཕལ་ཆེར་དེ་ལྟར་ཡང་སྐོར་བསྐྱར་སྐོར་མཆོད་མེ་དེ་དག་མུ་མཐུད་དུ་ཐེངས་མང་པོ་ཞིག་ལ་བཙོང་གི་ཡོད་ཚུལ་ཤོད་མཁན་འདུག་ལ། དེ་ལྟར་ཡིན་ངེས་པའང་རེད་འདུག ད་དུང་ཉ་འགྱིག་ཤོག་གི་ནང་དུ་བཅུག་ནས་བཙོང་མཁན་འདུག་པས། དེ་དག་ཀྱང་ཉོ་མཁན་མ་བྱུང་ན་གང་བྱུང་དུ་གཡུགས་པ་དང༌། ཉོ་མཁན་བྱུང་ན་ད་དུང་དེ་ལས་མང་བ་འཛིན་བཞིན་ཡོད་ཚུལ་འདུག དེར་བརྟེན་མ་ཉོས་ན་མི་འགྲིག་པ་དང༌། ཉོས་ནའང་མ་འགྲིག་པ་ལྟ་བུ་འདུག་པས། འདི་དང་འདི་བྱས་ན་ལེགས་ཞེས་ཁ་ཚོན་བཅད་ནས་བཤད་ཐུབ་པ་ཞིག་གཏན་ནས་རེད་མི་འདུག
དེ་བཞིན་མཆོད་རྟེན་གྱི་ར་བའི་ཕྱི་ལོགས་སུ་བྷོ་དྷི་ཙི་ཏ་ཡིན་ཞེས་འཕྲེང་བ་བཙོང་མཁན་དང༌། བག་ལེབ་དང་ཁ་དར་བཙོང་མཁན་སོགས་ཀྱི་འཚང་ཁ་ཧ་ཅང་ཆེ་བ་དང༌། བོད་པ་དང་ཧི་མ་ལ་ཡའི་རི་རྒྱུད་ཀྱི་མི་རིགས་བཅས་ཀྱིས་ཚོང་ཁྲོམ་ཧ་ཅང་ཆེ་ཡང༌། ཚོང་ཟོག་གི་བརྒྱ་ཆ་དྲུག་ཅུ་ཡན་རྡོ་ཡི་རིགས་དང་མི་ཏིག་རྫུན་མ་སོགས་ཡིན་པ་དང༌། བཅའ་ལག་རྙིང་པའི་རིགས་རྫུན་མ་འཚོང་མཁན་ཡང་ཧ་ཅང་མང་པོ་འདུག ངས་ཁྲོམ་སྟོན་མཁན་ཞིག་ལ་ཕལ་ཆེར་ཁྲོམ་རའི་བརྒྱ་ཆ་དྲུག་ཅུ་ལྷག་གཡུ་རྫུན་མ་སོགས་རྡོ་དང་མི་ཏིག་རྫུན་མའི་རིགས་ཧ་ཅང་མང་བ་འདི་རྒྱུ་མཚན་ག་རེ་ཡིན་ནམ་ཞེས་དྲིས་པར། ཁོང་གིས་རྒྱན་ཆ་འདི་རིགས་འབྲུག་པ་ཚོས་ཧ་ཅང་ཉོ་བས་རེད་ཟེར། དངོས་ཡོད་གནས་ཚུལ་གྱི་ཐོག་ནས་བརྗོད་ན་མི་སྐྱ་ཕྱོགས་ཡོང་བའི་མི་འབོར་ཕྱེད་ཀ་ཙམ་འབྲུག་པ་ཡིན་པ་དང༌། དེ་བཞིན་ཀ་རྡོར་སྒང་གསུམ་སོགས་ཧི་ལ་ཡའི་རི་རྒྱུད་ནས་ཡོང་བའང་ཧ་ཅང་མང་པོ་འདུག་པས་ཚོང་རྫས་འདི་དག་འགྲོ་རྒྱུག་ཆེ་བ་ཡིན་གྱི་རེད་བསམ་སོང༌། དུས་དབང་ཚོགས་སའི་ས་ཁུལ་དུ་འགྲོ་བའི་སྐབས་བོད་པའི་ཟ་ཁང་ཧ་ཅང་མང་པོ་འདུག་ལ། མི་ཡོང་མཁན་ཡང་མང་པོ་ཡོད་པའི་བཟོ་འདྲ་ཞིག་འདུག འོན་ཀྱང་ཟ་ཁང་ཚང་མ་འགྱིག་ཤོག་གི་གུར་ལྟ་བུ་བཟོས་ནས་ནང་དུ་གློག་དང་སྡོད་ས་སོགས་ཡག་པོ་བཟོས་འདུག དེ་བཞིན་འདིའི་ཕྱོགས་སུའང་ཁྲོམ་ཧ་ཅང་མང་པོ་འདུག
ཕྱི་ཚེས་༢༤ ཉིན་སྔ་འགྱུར་སྨོན་ལམ་ཆེན་མོའི་སྒོ་ཆེན་བསྒྲེངས་འཛུགས་དང༌། མཆོན་རྟེན་རིན་པོ་ཆེའི་མཐའ་སྐོར་དུ་འཇུ་མི་ཕམ་རིན་པོ་ཆེས་མཛད་པའི་སྔ་འགྱུར་བསྟན་པ་རྒྱས་པའི་སྨོན་ལམ་ཚིགས་བཅད་རེ་རེ་བཞིན་ཡིག་གཟུགས་སྒྲོས་གཙང་དབུ་ཅན་གྱིས་བྲིས་པ་དང༌། དེ་བཞིན་དབུ་མེད་ཀྱི་ཐོག་ནས་རྡོར་གདན་མཆོད་རྟེན་དང་འབྲེལ་བའི་བསྟོད་ཚིག་སྨོན་ལམ་ཞིག་ཀྱང༌། བསྟན་རྒྱས་སྨོན་ལམ་ཚིགས་བཅད་རེ་རེའི་འཕྲོས་སུ་གོང་གི་སྨོན་ལམ་དེ་ཚིགས་བཅད་རེ་སྦྲགས་ནས་འཕྱར་འདུག ད་ལྟའི་ཆར་རྡོར་གདན་དུ་གྲྭ་པ་དང༌། བཙུན་མ། སྔགས་པ་སོགས་ཧ་ཅང་ཡང༌། རྣམ་གྲོལ་གླིང་གིས་མཚོན་སྔ་འགྱུར་གྱི་ཆོས་སྡེ་ཆེ་ཁག་གི་གྲྭ་བཙུན་རྣམས་ད་དུང་ཕལ་ཆེར་འབྱོར་མེད་པའི་བཟོ་ལྟ་བུ་འདུག ད་དུང་འདིའི་འཕྲོས་མཐོང་ཐོས་ཁག་རིམ་བཞིན་ཟིན་བྲིས་སུ་སྤེལ་རྒྱུ་ཡིན། འདི་ནང་དུ་དམིགས་བསལ་གྱིས་གོ་དགོས་པ་ཞིག་གང་ཡང་མེད་ཀྱང༌། མཐོང་ཐོས་གང་བྱུང་རྣམས་མ་བཅོས་པར་བྲིས་པ་ཡིན།
གལ་ཆེ་བའི་དྲི་བ་ཞིག
འོན་ཀྱང་དྲ་གྲོགས་རྣམས་ལ་དྲི་བ་ཞིག་ཞུ་རྒྱུ་ཞིག་ཡོད་པ་ནི། རྡོར་གདན་སྐོར་ལམ་ནང་གི་མཆོད་མེའམ་མར་མེ་རྒྱ་གར་བས་བཟོས་ནས་ཡང་སྐོར་བསྐྱར་སྐོར་གྱིས་མཆོད་མེ་རྐང་གཅིག་གི་སྡོང་བུ་ཡང་ཡང་བརྗེས་ནས་བཙོང་པ་དེ་དག་དང༌། ཉ་གསོན་པོ་འཇུས་ནས་བཙོང་བཞིན་པ་དེ་དག་ཉོས་ན་དགའ་འམ། མ་ཉོས་ན་དགའ། དེའི་སྐོར་ལ་དྲ་གྲོགས་རྣམ་པས་དགོངས་ཚུལ་ཐད་ཀར་གསུངས་རོགས།