བོད་དོན་ཆེད་རྐང་འཁོར་འགྲུལ་བཞུད།
ཁོང་ཚོས་དགོས་འདུན་དོན་ཚན་ཁག་བཞི་བཏོན་ཡོད་པ་དང༌། ཉེ་ལམ་རྒྱ་ནག་གཞུང་གིས་ྋགོང་ས་མཆོག་ལ་བོད་མི་མང་གི་སྐུ་ཚབ་གནང་བའི་ཐོབ་ཐང་མེད་པར་བཤད་པར་ངོ་རྒོལ་དང༌། རྒྱ་ནག་གཞུང་གིས་༢༠༠༨ ལོའི་བོད་ནང་གི་དུས་ཟིང་བྱུང་རྐྱེན་ྋགོང་ས་མཆོག་དང་བཙན་བྱོལ་བོད་གཞུང་གིས་ངན་སྐུལ་བྱས་པ་བཤད་འདུག་པར་ཁུངས་སྐྱེལ་ར་སྤྲོད་དགོས། ྋཀུན་གཟིགས་པཎ་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་མཆོག་དང༌། སྤྲུལ་སྐུ་བསྟན་འཛིན་བདེ་ལེགས། རྒན་གྱའི་གྲྭ་འཇིགས་མེད། ལྷ་སའི་བློ་བཟང་བསྟན་འཛིན། རོང་རྒྱས་ཨ་གྲགས་སོགས་ཀྱིས་གཙོས་བོད་ཀྱི་ཆབ་སྲིད་བཙོན་པ་རྣམས་གློད་གྲོལ་གཏོང་དགོས། རྒྱ་ནག་གཞུང་གིས་བོད་བརྒྱུད་ནང་བསྟན་རྩ་མེད་གཏོང་ཐབས་སུ་ནང་པའི་བླ་སྤྲུལ་ངོས་འཛིན་བྱེད་ཕྱོགས་ཀྱི་ཁྲིམས་ཡིག་ཟེར་བ་ཞིག་བཟོས་ཏེ་ཆབ་སྲིད་ཀྱི་དགོས་དབང་གིས་ནང་ཆོས་ལ་ཇུས་གཏོགས་བྱེད་པར་མཐའ་གཅིག་ཏུ་ངོས་ལེན་མེད་པ་དང༌། རྒྱལ་གཅེས་ཆོས་གཅེས་ཞེས་པའི་གདུག་རྩུབ་ཀྱི་སྲིད་བྱུས་རྒྱ་ཁྱབ་ཏུ་སྤེལ་མུས་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་སྐོར་འཁོད་ཡོད་པ་རེད།
མི་མང་འདུ་འཛོམས་ཡོད་པའི་ས་ཚིགས་སུ་སྔ་ལོར་བོད་ནང་རྒྱ་ནག་གུང་ཁྲན་སྲིད་གཞུང་གིས་བོད་མི་དམར་གསོད་བཏང་བའི་པར་རིས་འགྲེམས་སྟོན་དང་དངོས་ཡོད་བོད་ནང་གི་གནས་སྟངས་སོགས་ངོ་སྤྲོད་གནང་གི་ཡོད་པ་རེད།
ཝར་ཎ་ས་གནས་གསར་འགོད་པ་བཅོ་ལྔ་ཚེ་རིང་གིས།
