ཉིས་སྟོང་དགུའི་ཨེ་ཤ་ཡའི་འགྲོ་བ་མིའི་ཐོབ་ཐང་སྐོར་གྱི་ལྷན་ཚོགས།
ཚོགས་འདུ་དེར་བཙན་བྱོལ་བོད་གཞུང་གི་བདེ་སྲུང་བཀའ་ཟུར་པདྨ་ཆོས་འབྱོར་མཆོག་ཕེབས་ཡོད་པ་དང༌།
ཁོང་གིས་ཉེ་དུས་བོད་ཀྱི་ཆག་འཇིག་གི་གནས་སྟངས་དང་མི་ལོ་ལྔ་བཅུའི་རིང་ལ་བོད་མི་ཚོས་དཀའ་སྡུག་ཇི་ལྟར་མྱོང་ཡོད་མེད་ཆ་ཚང་འགྲེལ་བརྗོད་གནང་ཡོད་པ་མ་ཟད། རྒྱ་ནག་དམར་ཕྱོགས་ཚོགས་པས་བོད་ས་འཛིན་བཟུང་བྱས་ཡོད་པ་ཙམ་ལས། ནམ་ཡང་བོད་མི་རིགས་ཀྱི་སེམས་ཁམས་དང༌། སྙིང་སྟོབས། ལྷག་བསམ། ྋགོང་ས་མཆོག་ལ་དད་གུས་བོད་མིའི་གཞི་རྩའི་ཐོབ་ཐང་རྩོད་ལེན་སོགས་ལ་སེམས་ཤུགས་གཡོ་བ་མེད་པ་ཡིན་ཞེས་དང༌། དེ་བཞིན་ལོ་སྔོན་མ་བོད་ཀྱི་ས་ཆ་ཤར་ལྷོ་ནུབ་བྱང་ཡོངས་རྫོགས་ནས་གྲྭ་པ་དང་བཙུན་མ་མི་སྐྱ་ཕོ་མོ་རྒན་གཞོན་དབྱེ་བ་མེད་པ་དང༌། པེ་ཅིང་གཙུག་ལག་སློབ་གྲྭ་ཆེན་མོར་སློབ་སྦྱོང་བྱེད་བཞིན་ཡོད་པའི་སློབ་མ་ཚོས་ཀྱང༌།
རྒྱ་གཞུང་ལ་ངོ་རྒོལ་དང་རྔམ་སྟོན་ཁྲོམ་སྐོར་བྱས་སྐབས། ཁོ་ཚོས་མགྲིན་དབྱངས་གཅིག་གྱུར་གྱིས་བསྒྲགས་པའི་སྐད་འབོད་རྒྱ་མི་བོད་ནས་ཕར་རྒྱུགས་ཤིག ྋགོང་ས་མཆོག་བོད་དུ་གདན་འདྲེན་ཞུ་དགོས་ཟེར་བ་སོགས་བོད་ནང་གི་གནས་སྟངས་དང་རྒྱ་ནག་གིས་བོད་ལ་འཛིན་པའི་སྲིད་བྱུས་སྐོར་ངོ་སྤྲོད་འགྲེལ་བརྗོད་གནང་ཡོད་པ་དང༌། ལྷག་པར་དུ་ྋགོང་ས་མཆོག་གིས་ཕྱི་ལོ་༢༠༠༨ ཟླ་༣ ཚེས་༢༨ རྒྱ་རིགས་མི་མང་ལ་བསྩལ་བའི་གསུང་འཕྲིན་དང༌། ༢༠༠༩ དཔྱིད་གསར་དུས་ཆེན་སྐབས་རྒྱ་རིགས་རྣམས་ལ་བསྩལ་བའི་བཀའ་སློབ་ཁག་གཉིས་པར་སློག་གྲངས་མང་བརྒྱབ་སྟེ་ཚོགས་བཅར་བ་ཡོངས་ལ་འགྲེམས་སྤེལ་གནང་ཡོད་འདུག
སྐབས་དེར་ཚོགས་བཅར་བ་ཡོངས་རྫོགས་ཀྱིས་རྒྱ་གཞུང་གིས་བོད་མིའི་ཞི་རྒོལ་ལ་དྲག་གནོན་བྱས་པ་དང་འགྲོ་བ་མིའི་ཐོབ་ཐང་བརྩི་མེད་རྡོག་རོལ་བཏང་བར་སྐྱོན་བརྗོད་ཤུགས་ ཆེར་བྱས་ཡོད་པ་དང༌། ད་དུང་དུས་རབས་༢༡ པའི་ནང་ཡ་ང་བྲལ་བའི་མི་སེར་སྤེལ་ཡུལ་རིང་ལུགས་ཀྱི་ལྟ་སྤྱོད་དོར་དགོས་ངེས་ ཡིན་པ་སོགས་སྐྱོན་བརྗོད་ཀྱང་བྱས་ཡོད་པ་རེད། སྐབས་འདིར་ནིའུ་ཡོག་ཆུ་བཞི་སྒང་དྲུག་གི་རྒྱུན་ལས་ཚེ་བརྟན་ལྷ་རྒྱལ་གྱིས་འགོ་ འཁྲིད་དེ་ཆུ་བཞི་སྒང་དྲུག་གི་ཚོགས་མི་དྲུག་ཀྱང་ཚོགས་བཅར་ཞུས་ཡོད་པ་རེད།།
