མཆོད་རྟེན་རིན་པོ་ཆེའི་སྐོར་ལ་འཛིན་སྐྱོང་དང་ལྟ་རྟོགས་བྱེད་ཀྱི་ཡོད་པ་རེད།

དེའི་སྔོན་ལ་རྡོ་རྗེ་གདན་གྱི་མཆོད་རྟེན་ལ་ལྟ་རྟོགས་བྱེད་པར་ང་ཚོ་ཚོགས་ཆུང་ཞིག་བྷི་ཧར་གཞུང་གིས་བཀོད་ཁྱབ་གནང་བ་བཞིན། བྷི་ཧར་གཞུང་གི་རྩ་ཁྲིམས་གཞིར་བཟུང་གི་ཐོག་དེའི་ནང་ལ་འཐུས་མི་ནང་པ་བཞི་དང་ཧིན་དྷུ་བཞི་ཡོད་པ་རེད། དེའི་སྒང་ལ་ཚོགས་གཙོ་དེ་དམིགས་བསལ་གྷ་ཡ་རྫོང་གི་རྫོང་དཔོན་རེད། ཚོགས་མི་བརྒྱད་ནང་ནས་ཚོགས་མི་གཅིག་ང་ཚོ་ཚོགས་མིས་ཐད་བསྐོས་བྱས་ནས་ལས་ཁང་ལ་ལྟ་སྐྱོང་འགན་ཁུར་བྱེད་དགོས་པ་རེད། དེའི་སྔོན་ལོ་གསུམ་ལ་ཐེངས་གཉིས་ངས་ཚོགས་མི་བྱས་པ་ཡིན། ད་ལྟ་ཐེངས་གསུམ་པ་རེད། ཐེངས་གསུམ་པའི་ཐོག་ལ་བྷི་ཧར་གཞུང་གིས་ང་ཚོགས་མིར་བསྐོས་ནས་ངས་འདིར་རྒྱུན་ལས་དྲུང་ཆེའི་འགན་ཁུར་ཞུས་ནས་བསྡད་ཡོད།
དྲི་བ། ཚོགས་ཆུང་འདིའི་འགན་གཙོ་ཆེ་ཤོས་དང་ཕྱག་ལས་ག་རེ་ཡོད་པ་རེད།
ལན། འདིའི་འགན་གཙོ་ཆེ་ཤོས་ཀྱི་དམིགས་ཡུལ་དེ་མཆོད་རྟེན་རིན་པོ་ཆེའི་སྐོར་དང་དེ་འབྲེལ་གྱི་འཛིན་སྐྱོང་དང་ལྟ་རྟོགས་ཚང་མ་ཚོགས་ཆུང་གིས་བྱེད་ཀྱི་ཡོད་པ་རེད། སྤྱིར་བཏང་ང་ཚོའི་ཚོགས་ཆུང་དེ་གཞུང་འབྲེལ་གྱི་ཐོག་ནས་བསྐོ་བཞག་བྱས་པ་ཡིན་པས། གཞུང་འབྲེལ་གྱི་ཐོག་ནས་མཆོད་རྟེན་རིན་པོ་ཆེ་འདིའི་འཛིན་སྐྱོང་དང་ལྟ་རྟོགས་བྱེད་རྒྱུའི་འགན་ཁུར་དགོས་པ་དང་ཚོགས་པ་དང་དགོན་པ་མང་པོ་ཡོད་པ་རེད། དེར་ཕྱི་རྒྱལ་བ་སོགས་མང་པོ་ཡོད་པ་རེད། དེ་ཚོ་ཚང་མར་ཕན་ཚུན་འབྲེལ་བ་བཞག་ནས་ལྟ་རྟོགས་བྱེད་ཀྱི་ཡོད་པ་རེད།
དྲི་བ། ནང་པ་དང་ཧིན་དྷུའི་ཚོགས་ཆུང་འདི་སྔོན་མ་ལྔ་བཅུ་ལྔ་གྲངས་ཤིག་ནས་ཡོད་པ་རེད་དམ།
ལན། རེད། ༡༩༤༩ རྩ་ཁྲིམས་དགོངས་དོན་རེད། དེའི་སྐབས་ལ་དང་པོ་ས་གནས་སོགས་ལོ་བརྒྱ་ཕྲག་མང་པོར་ཉམས་ཆག་སོང་བ་དང་སའི་འོག་ཏུ་སོང་ནས་བདག་པོ་མེད་པ་བྱུང་བ་རེད། རྗེས་སུ་ཧིན་དྷུའི་བླ་ཆེན་ཞིག་ཡོད་པ་རེད། ཁོང་གི་མངའ་ཁོངས་བྱས་པ་རེད། ད་ལྟ་ཡང་དགོན་པ་དང་ལྷ་ཁང་རྒྱ་ཆེན་པོ་ཡོད་པ་རེད། དེའི་རྗེས་སུ་རྒྱ་གར་གྱི་སྲིད་འཛིན་དང་པོ་རཱ་ཇན་ཏི་པྲས་ཏིས་འགན་ཁུར་དང་གསུང་བཤད་གནང་ནས་གཞུང་གིས་བཞེས་པ་རེད། ཁོང་གིས་འཛིན་སྐྱོང་བྱེད་རྒྱུའི་དམིགས་ཡུལ་གཙོ་བོ་དེ་ཏན་ཏན་ལྷ་ཁང་དེའི་ནང་དུ་ནང་པ་དང་ཧིན་དྷུ་གཉིས་ལ་མཆོད་འབུལ་བྱེད་རྒྱུ་དང་མཆོད་མཇལ་བྱེད་པ་སོགས་ཀྱི་ཐོབ་ཐང་འདྲ་མཉམ་བྱེད་རྒྱུའི་དམིགས་ཡུལ་དེ་ལ་གཞིར་བཞག་པ་རེད། ད་ལྟའི་ཆ་ལ་ནང་པ་དང་ཧིན་དྷུ་གཉིས་ཀྱིས་ལྷ་ཁང་འདིའི་ནང་ལ་གཙོ་ཆེ་ཤོས་མཆོད་མཇལ་སོགས་བྱེད་རྒྱུ་ལ་སུ་གང་གིས་བཀག་འགོག་མེད་པ་དེའི་ཐོག་ལ་འགྲོ་ཡི་ཡོད་པ་རེད།
དྲི་བ། གོ་ཐོས་བྱུང་བ་ལ་བྱང་ཆུབ་ཤིང་གི་ཉེ་དྲུང་དེ་ལ་སྨོན་ལམ་མང་པོ་འཚོགས་ནས་མཆོད་འབུལ་བྱས་པ་ཡིན་ན་མཆོད་རྟེན་རིན་པོ་ཆེ་ལ་གནོད་པའི་གནས་སྟངས་འབྱུང་གི་ཡོད་པ་རེད་ཟེར། དེའི་གནས་སྟངས་ག་འདྲ་ཆགས་ཡོད་དམ།
ལན། སྔོན་མ་ཡིན་ན་བྱང་ཆུབ་ཤིང་གི་འཁྲིས་ལ་བདག་སྐྱོང་ཞེ་དྲག་མེད་པའི་སྟེང་ནས་མཆོད་མེ་སྦར། ན་བཟའ་ཕུལ་བ་མང་པོ་ཞིག་གིས་བྱང་ཆུབ་ལྗོན་ཤིང་ལ་འགན་ཁུར་གྱི་མེད་པས་ཉེན་ཁ་ལྟ་བུ་ཡོང་གི་ཡོད་པ་རེད། ཡིན་ན་ཡང་ལོ་གཅིག་གི་སྔོན་ཙམ་ལ་དེའི་སྐོར་གཏམ་གླེང་མང་པོ་བྱུང་བ་རེད། གཏམ་གླེང་བྱུང་དོན་བཞིན་ཆེད་མཁས་ཞིབ་འཇུག་ཚོགས་པ་ལ་འབྲེལ་བ་བྱས། ལྡེ་ར་ལྡུན་དུ་ཤིང་ནགས་སོགས་ཀྱི་སྐོར་ལ་ཞིབ་འཇུག་བྱེད་མཁན་གྱི་ཚན་རིག་ཆེད་མཁས་ཚོགས་པ་ཞིག་ཡོད་པ་རེད། དེ་ཚོ་ལ་འབྲེལ་བ་བྱས་པ་ཡིན། དེའི་སྔོན་གཏམ་གླེང་བྱུང་བའི་སྐོར་དང་ན་བཟའ་ཕུལ་བ་ལ་སོགས་པའི་གནད་དོན་ལ་ཁོང་ཚོས་ཞིབ་འཇུག་གནང་བ་ལ། བྷི་ཧར་གཞུང་ནས་དམིགས་བསལ་གྱིས་དེའི་སྐོར་ལ་གཟིགས་སྐྱོང་བྱེད་མཁན་གྱི་ཚོགས་པ་ཞིག་བཙུགས་པ་རེད། དེའི་ཐོག་ལ་ག་རེ་བྱེད་དགོས་པ་ཡིན་མིན་སོགས་ཚང་མ་ལ་དེའི་རྗེས་སུ་ཚན་རིག་ཚོགས་པས་ཇི་ལྟར་བྱེད་དགོས་མིན་ལ་ཞིབ་འཇུག་བྱས་དུས། ད་ལྟའི་ཆ་ལ་མཆོད་རྟེན་རིན་པོ་ཆེ་ལ་སྐྱོན་མེད་པ་ལྟ་བུ་རེད། དེ་དང་དེ་འདྲ་བ་ཁ་ཤས་ཤིག་གིས་ད་ལྟ་བཤད་ཀྱི་ཡོད་པ་རེད། ཁ་ཤས་ཀྱིས་ཁ་མཆུ་རྒྱག་གི་ཡིན་ཟེར་བ་ལྟ་བུ་སྐྱོན་བརྗོད་མང་པོ་བྱེད་ཀྱི་ཡོད་པ་རེད། འཁྲིས་ལ་ཚོགས་པ་རྒྱ་ཆེན་པོ་འཚོགས། དེ་འདྲ་བྱས་ཡོང་དུས་ཞེ་དྲག་གནོད་སྐྱོན་ཐེབས་ཡོང་གི་རེད་ཟེར་གྱི་ཡོད་པ་རེད། ཡིན་ན་ཡང་ཆོས་ཚོགས་འཚོག་རྒྱུར་སྐྱོན་བརྗོད་བྱེད་རྒྱུ་དེ་ལ། ང་ཚོའི་ངོས་ནས་ག་རེ་བཤད་ཀྱི་ཡོད་ཟེར་ན། ཐམས་ཅད་ཀྱིས་དེ་ལྟར་མ་གནང་ལྷ་ཁང་ནང་དུ་ཆོས་མཇལ་བྱེད་རྒྱུ་ལ་ང་ཚོས་ཆོག་མི་ཆོག་ཟེར་གྱི་ཡོད་པ་མ་རེད། ནམ་རྒྱུན་མི་ཚང་མས་མཆོད་མཇལ་བྱེད་ཀྱི་ཡོད་པ་རེད། ཡིན་ན་ཡང་དེའི་སྐབས་ལ་འགྲོ་སྟངས་སྡོད་སྟངས་སོགས་འགྲིག་མ་འགྲིག་པ་དང་ལག་ལེན་བྱེད་ཕྱོགས་འོས་འཚམས་མིན་པའི་ཐོག་ལ་མཆོད་རྟེན་རིན་པོ་ཆེའི་འཁྲིས་སུ་འགྲོ་མི་ཆོག་པའི་ས་ཆ་དེ་ཚོ་ལ་མ་བཅར་ཞེས་བཤད་ན་ཁ་ལ་ཉན་གྱི་མི་འདུག་ཟེར་བའི་བསམ་འཆར་ཡོང་གི་ཡོད་པ་རེད། ཡིན་ན་ཡང་ང་ཚོས་ཞིབ་འཇུག་བྱེད་ཆོག ང་ཚོས་ཚན་རིག་ཚོགས་པ་དེ་ཚོ་ལ་སྐད་ཆ་འདྲི་ཆོག གང་ལྟར་ལྗོན་ཤིང་དེའི་འཁྲིས་དེ་ལ་ས་སྟོང་པ་དེ་འདྲ་ཆེན་པོ་ཡོད་པ་མ་རེད། ད་ལྟ་ས་ཏོག་ཙམ་ཡོད་པ་དེར་ཆུ་སྐྱེལ་བ་དང་མཚམས་མཚམས་ལ་ས་དེ་ཡར་བཀོག་ནས་ས་སྐྱེལ་བ་སོགས་བྱས་ནས་ང་ཚོ་འགྲོ་ས་འདི་མ་གཏོགས་མི་འདུག དེའི་སྟེང་ཡག་པོ་འཇོག་དགོས་ཀྱི་འདུག ཁ་སང་སྔོན་ལ་ཆོས་ཚོགས་སྐབས་མི་མང་པོ་འཚོགས་ནས་སྐྱོན་ཡོང་གི་འདུག་ཟེར་གྱི་ཡོད་པ་རེད། གལ་སྲིད་དངོས་གནས་སྐྱོན་རྒྱག་གི་ཡོད་ན་ག་རེ་ཡིན་ན་ཐབས་ཤེས་བྱེད་དགོས་པ་རེད། ཡིན་ན་ཡང་ཚན་རིག་པ་ཁོང་ཚོས་ཟླ་གཅིག་དང་གཉིས་མ་གཏོགས་རྟག་ཏུ་ཚོགས་འཚོག་གི་ཡོད་པ་མ་རེད། ཉི་མ་བཅུ་བཅོ་ལྔ་ལ་འཚོགས་ན་སྐྱོན་རྒྱག་གི་མི་འདུག དེ་འདྲ་བཤད་པ་ཡིན་པས་ང་ཚོའི་ད་ལྟའི་ཆ་ལ་ལོ་རྟག་པར་ག་རེ་འཚོག་གི་ཡོད་པ་དེ་འཚོག་གི་ཡོད་པ་རེད། མ་འོངས་པ་ལ་དེ་འདྲ་ཞིག་འཚོག་པ་ཡིན་ན་སྐྱོན་ཡོད་དང་མེད་ལ་ང་ཚོས་ལྡེ་ར་ལྡུན་དུ་ཡོད་པའི་ཆེད་མཁས་ཞིབ་འཇུག་ཚོགས་པ་དེ་དང་འབྲེལ་བ་བྱེད་ཀྱི་ཡོད་པ་རེད། ད་ལྟའི་ཆ་ལ་ཡང་ཁོང་ཚོ་དང་མཉམ་དུ་ང་ཚོས་ལྟ་རྟོགས་བྱེད་ཀྱི་ཡོད་པ་རེད།
དྲི་བ། ནང་པ་ཡོངས་སུ་རྫོགས་པ་ལ་གནས་འདི་རྩ་ཆེ་ཤོས་ཤིག་ཆགས་ཡོད་པ་རེད། ད་ལྟའི་ཆ་ལ་རྒྱ་གར་དབུས་གཞུང་རེད། ལྷག་པར་བྷི་ཧར་མངའ་སྡེ་གཞུང་གིས་ལོ་རྟག་པར་མཆོད་རྟེན་འདི་ཉམས་གསོ་དང་བདག་གཅེས་ག་འདྲ་གནང་གི་ཡོད་པ་རེད།
ལན། དེ་འདྲ་མ་རེད། རྒྱ་གར་གཞུང་གི་གཟིགས་སྐྱོང་ཐམས་ཅད་ཡོད་པ་རེད། ཡིན་ན་ཡང་རྩ་བའི་ད་ལྟའི་ཆ་ལ་ཕན་ཚུན་གནས་གོང་འོག་ཐམས་ཅད་ལ་གནས་མཇལ་ཞུ་མཁན་དང་དད་ལྡན་རྣམས་ཀྱིས་ཞལ་འདེབས་ཐོག་ནས་འགྲོ་སོང་ཡོང་གི་ཡོད་པ་རེད། གཞུང་ནས་དམིགས་བསལ་ཡོད་པ་རེད། དེའི་རྒྱུ་མཚན་གཙོ་བོ་ག་རེ་རེད་ཟེར་ན། འཛིན་སྐྱོང་ཚང་མ་གཞུང་གིས་གནང་གི་ཡོད་པ་རེད། ཡིན་ན་ཡང་ད་ལྟ་འདིའི་ནང་ལ་མཆོད་ཁ་གསོ་རྒྱུ་སོགས་ཞལ་འདེབས་འབུལ་མཁན་ཞེ་དྲག་ཡོད་པ་རེད། གཞུང་གིས་གནང་དགོས་ཀྱི་མི་འདུག ཡིན་ན་ཡང་མཚམས་མཚམས་ལ་དཔེ་ཆ་བཞག་ན། དམིགས་བསལ་ཡར་རྒྱས་གཏོང་རྒྱུ་ཆོས་རྭའི་མཐའ་འཁོར་དུ་གློག་མང་པོ་བཙུགས་ཡོད་པ་རེད། དེ་ཚོའི་སྐོར་ལ་དམིགས་བསལ་འགྲོ་གྲོན་དེ་འདྲ་ལེན་དགོས་པ་རེད་མ་གཏོགས་སྤྱིར་བཏང་འགྲོ་སོང་གཏོང་དགོས་དུས་ཞལ་འདེབས་ལ་བརྟེན་ནས་ཡོད་པ་རེད།
དྲི་བ། ཚོགས་པ་འདིའི་མཆོད་རྟེན་རིན་པོ་ཆེ་ལ་ནམ་རྒྱུན་བདག་སྐྱོང་བྱེད་དགོས་པ་དང༌། མཆོད་མཇལ་བ་ཡོང་དུས་དང་སྨོན་ལམ་འཚོག་སྐབས་སོགས་ལ་དཀའ་ལས་ཁག་ཤོས་ག་རེ་ཡོང་གི་འདུག
ལན། དཀའ་ལས་ཁག་ཤོས་གཙོ་བོ་རྒྱ་གར་ཁོ་རང་ཚོས་༡༩༤༩ ནས་བཟུང་རྩ་ཁྲིམས་བཟོས་པའི་ནང་ལ་ལྷ་ཁང་ནང་ལ་ལྷམ་གོན་མི་ཆོག་པ་བཟོས་ཡོད་པ་རེད། སྤྱིར་བཏང་ཡིན་ན་ལྷ་ཁང་རྒྱལ་སྒོ་ནས་འཛུལ་ན་ལྷ་ཁང་ནང་ལོགས་ལ་བརྩི་ཡི་ཡོད་པ་རེད། ཡིན་ན་ཡང་ད་ལྟའི་ཆ་ལ་ལྷ་ཁང་མཐའ་འཁོར་ལ་སྐོར་བ་རྒྱག་དུས་ལྷམ་གོན་ཆོག་པ་བཟོས་ཡོད་པ་རེད། དེ་ནས་མར་ནང་ལོགས་ལ་འཛུལ་ན་ལྷམ་གོན་ཆོག་གི་ཡོད་པ་མ་རེད། ཉེན་རྟོག་པས་ཆད་པ་ཡང་གཅོད་ཀྱི་ཡོད་པ་རེད། ཡིན་ན་ཡང་སྨོན་ལམ་རྒྱ་ཆེན་པོ་འཚོགས་པའི་སྐབས་ལ་བཀག་མ་ཐུབ་པར་ནང་ལོགས་ལ་ལྷམ་གོན་པ་བ་དང་སྐད་ཀྱི་གོ་བརྡ་མི་འཕྲོད་པའི་དཀའ་ངལ་སོགས་མང་པོ་ཞིག་འཕྲད་ཀྱི་འདུག སྤྱིར་བཏང་མིག་ལམ་ལ་མཛེས་པོ་མེད་པ་དང་གཙང་སྦྲ་འཕྲོད་བསྟེན་སོགས་མེད་པས་བཙོག་པ་ཆགས་ཀྱི་ཡོད་པ་རེད། དེ་ཚོ་ང་ཚོས་ལེགས་བཅོས་རིམ་པས་བྱེད་རྒྱུའི་ཐབས་ལམ་འཚོལ་གྱི་ཡོད། དེ་མ་ཡིན་པའི་ཚོགས་ཆེན་པོ་འཚོག་པའི་སྐབས་ལ། སྤྱིར་བཏང་དགེ་སློང་ཚོས་གོན་པ་སེར་པོ་དེ་འདྲ་གོན་གྱི་ཡོད་པ་རེད། འདིའི་ཡུལ་མི་ཚོ་དང་གཞན་ཡང་འདྲ་མི་འདྲ་མང་པོས་གོན་པ་སེར་པོ་གོན་ནས་ཚོགས་ལ་འཚོག་གི་འདུག དེ་ཚོས་དཀའ་ངལ་ཞེ་དྲག་སྤྲོད་ཀྱི་ཡོད་པ་རེད། དེ་ཚོ་ལ་ནམ་རྒྱུན་དམིགས་བསལ་གྱིས་ལྟ་ཡི་ཡོད་པ་རེད། དེ་མི་སུ་ཡིན་ན་ལྷ་ཁང་ནང་ལ་མཚམས་མཚམས་སུ་དེ་འདྲ་གོན་པ་སེར་པོ་ལྟ་བུ་གོན་པ་སོགས་ཀྱིས་མ་འགྲིག་པ་མང་པོ་ཡོང་གི་ཡོད་པ་རེད། དེ་ཚོ་ལ་འགྲིག་མི་འདུག་ཟེར་ནས་མ་བཤད་ན་མ་འགྲིག་པ་དང་བཤད་ན་བཤད་མ་ཐུབ་སོགས་ཀྱི་དཀའ་ངལ་འཕྲད་ཀྱི་འདུག དགེ་སློང་ངོ་མ་ཡིན་ན་ཡག་པོ་རེད། དེ་མ་ཡིན་པའི་གོན་པ་སེར་པོ་གོན་པའི་རྫུན་མ་དེ་འདྲ་མང་དུ་མང་དུ་སོང་བ་ཡིན་ན་མ་འོངས་པ་ལ་གསུང་ཆོས་འཚོག་རྒྱུ་ལ་དཀའ་ངལ་མང་པོ་འཕྲད་ཀྱི་རེད་བསམ་གྱི་འདུག དེ་ཚོ་ལ་ཐམས་ཅད་ཀྱིས་ག་འདྲ་བྱས་ནས་ལེགས་བཅོས་བྱེད་རྒྱུའི་ཐབས་ཤེས་དང་སྒྲིག་གཞི་ལྟ་བུ་བཟོས་ན་མ་གཏོགས་གཞན་དེ་འདྲའི་བཙོག་པ་མང་དུ་སོང་བ་ཡིན་ན་ང་ཚོ་ཚང་མ་ལ་དཀའ་ངལ་མང་པོ་འདུག
དྲི་བ། བོད་ཀྱི་བང་ཆེན་ཚགས་པར་འདི་བརྒྱུད་ནས་མང་ཚོགས་ལ་འབོད་སྐུལ་གནང་རྒྱུ་ཡོད་དམ།
ལན། འབོད་སྐུལ་གཙོ་བོ་དེ་ཐམས་ཅད་ཀྱི་གནས་འདི་བསམ་ནས་ལྷག་བསམ་རྣམ་དག་གི་ཐོག་ནས་ཕེབས་ཀྱི་ཡོད་པ་རེད། གཙོ་བོ་ཡུལ་གྱི་གོམས་གཤིས་དང་གནས་སྟངས་ལ་བལྟས་ནས་ལམ་དང་ལུགས་སྲོལ་སྒྲིག་གཞི་ལ་མི་འགལ་བའི་ཐོག་ནས་སོ་སོའི་འགྲོ་སྟངས་སྡོད་སྟངས་སོགས་ཡག་པོ་བྱེད་རྒྱུ་ཧ་ཅང་གལ་ཆེན་པོ་རེད། དེ་ཚོ་དང་པོ་མ་ཤེས་པ་ཡིན་ན་ལུང་པའི་ཡུལ་སྲོལ་གནས་སྟངས་སོགས་ལ་བལྟས་ནས་ཕྱིས་སུ་ཀུན་སྤྱོད་ཀྱི་ཐོག་ལ་ཐམས་ཅད་ཀྱི་ལེགས་བཅོས་བྱས་ནས། མིའི་མཐོང་སྣང་ལ་མཛེས་པོ་བཟོ་རྒྱུ་དེ་གལ་ཆེ་ཤོས་མཐོང་གི་འདུག གཞན་ཡང་བརྡ་འཕྲོད་མ་འཕྲོད་ཀྱི་ཐོག་ནས་ལྷམ་གོན་ཆོག་མ་ཆོག་སོགས་ཀྱི་ཐོག་ནས་དཀའ་ངལ་ཡོང་སྲིད་པ་རེད། ཡིན་ན་ཡང་དེ་ཚོའི་ཐོག་ལ་ཕན་ཚུན་བསམ་གཞིག་གང་ཐུབ་བྱེད་རྒྱུ་དང་ནམ་རྒྱུན་ང་ཚོ་ས་ཆ་འདིར་བསྡད་ཡོད་པའི་རྐྱེན་གྱིས་ཏོག་ཙམ་གསལ་བཤད་ར་སྤྲོད་ལྟ་བུ་བྱེད་ཀྱི་ཡོད་པ་དགོངས་འཇགས་ཡོང་བའི་རེ་བ་ཡོད། མི་མང་ཤོས་དགུན་དུས་རེད་ལ། མཆོད་མཇལ་བ་མང་ཆེ་བ་བོད་རིགས་རེད། གཙོ་ཆེ་ཤོས་དེ་འཁོར་ཡུག་གཙང་སྦྲ་བཟོ་རྒྱུ་དེ་རེད། འཁོར་ཡུག་ལ་བདག་སྲུང་བྱེད་རྒྱུ་ང་ཚོ་ཚང་མའི་འོས་འགན་རེད། སྔོན་མ་འདིར་སྡོད་མཁན་རྒྱ་གར་བ་ཡིན་པས། བརྡ་འཕྲོད་ཀྱི་ཡོད་པ་མ་རེད། ད་ལྟ་ང་ཚོས་ཐུགས་ཕན་ཅུང་སོས་རྒྱུར་རེ་བ་བྱེད་ཀྱི་ཡོད། དེ་ནས་ས་ཆ་གང་ལ་སོང་བ་ཡིན་ནའང་ཡུལ་དེའི་རྩ་ཁྲིམས་དང་མཐུན་པ་བྱེད་རྒྱུ་དེ་ཚོ་ཧ་ཅང་གལ་ཆེན་པོ་རེད། དེ་ཐམས་ཅད་སེམས་ལ་བཟུང་ན་ཆོས་ཞུ་བ་སོགས་ས་ཆ་གང་ལ་སོང་ཡང་དཀའ་ངལ་ཡོད་པ་མ་རེད།།