ཨ་རིའི་བོད་རྒྱ་ཞི་མོལ་ལ་འབོད་སྐུལ།

    ཨ་རིའི་ཕྱི་སྲིད་ལས་ཁུངས་ནས། རྒྱ་ནག་གཞུང་གིས་དེང་སྐབས་བོད་དུ་ལག་བསྟར་བྱེད་བཞིན་པའི་སྲིད་ཇུས་ལ་བསྐྱར་དུ་བསམ་གཞིག་ནན་པོ་བྱེད་དགོས་པ་དང༌། སྲིད་ཇུས་དེས་བོད་མིའི་སེམས་ཁམས་སུ་ཆོས་ལུགས་ཀྱི་དད་པ་དང་རིག་གཞུང༌། འཚོ་ཐབས་སོགས་ལ་གནོད་འཚེ་ཆེ་བའི་ཤུགས་རྐྱེན་ཆེན་པོ་ཐེབས་བཞིན་ཡོད་པར་ནན་བརྗོད་བྱས་ཡོད་པས་མ་ཚད། བགྲོ་གླེང་སོགས་ཀྱི་སྐབས་ལའང་བོད་ཀྱི་དཀའ་ངལ་སེལ་རྒྱུ་དེ་རྒྱ་ནག་གིས་འགན་ཁུར་དགོས་པ་དང༌། ྋགོང་ས་མཆོག་ཆོས་ལུགས་ཀྱི་དབུ་ཁྲིད་ཙམ་མིན་པར་འཇིག་རྟེན་སྤྱིའི་བདེ་སྡུག་ལ་དགོངས་བཞེས་གནང་མཁན་ཡིན་པས། སུ་ཡིན་རུང་ྋགོང་ས་མཆོག་གི་དགོངས་གཞི་ལ་ལོག་འགྲེལ་བྱས་པ་དེ་རང་ཉིད་དངོས་གཙང་མིན་པའི་རྟགས་མཚན་ཡིན་སྐོར་སོགས་ཧ་ཅང་ནན་བརྗོད་གནང་ཡོད་པ་རེད།
    ཨ་རིའི་གྲོས་ཚོགས་ཀྱི་མགྲིན་ཚབ་པ་ལྕམ་ནན་སི་ཕི་ལོ་སི་མཆོག་གིས། ཨ་རི་གཞུང་ངོས་ནས་ཨ་རི་དང་བོད་གཉིས་ཀྱི་འབྲེལ་ལམ་དེ་མུ་མཐུད་རྒྱུན་གནས་བྱེད་རྒྱུ་ཡིན་པ་དང༌། བོད་ནང་གི་གནས་སྟངས་ག་འདྲ་ཡིན་མིན་ང་ཚོས་གསལ་པོ་ཤེས་ཀྱི་ཡོད་པས། ང་ཚོའི་ངོས་ནས་བོད་ནང་གི་གནས་སྟངས་དེ་འཕྲལ་དུ་འགྱུར་བ་གཏོང་དགོས་པའི་སྐུལ་མ་བྱེད་རྒྱུ་ཡིན་ལ། ག་དུས་ཡིན་ཡང་ང་ཚོ་བོད་མི་ཚོ་དང་མཉམ་དུ་ཡོད་ལ་བོད་མི་ཚོའི་རྒྱབ་རྩར་ལངས་བཞིན་ཡོད་ཅེས་གསུངས་ཡོད་པ་རེད། བཙན་བྱོལ་དུ་བོད་རང་བཙན་ཤོར་ནས་མི་ལོ་༥༠ འཁོར་བའི་དུས་དྲན་དང་བསྟུན་ནས། ཨ་རིའི་གྲོས་ཚོགས་ནང་དང་སྲིད་འཛིན། གྲོས་ཚོགས་ཀྱི་མགྲིན་ཚབ་པ། གྲོས་ཚོགས་འཐུས་མི། ཨ་རིར་རྟེན་གཞི་བྱས་ཡོད་པའི་རྒྱལ་སྤྱིའི་བོད་དོན་ལས་འགུལ་ཁང་གི་ཚོགས་གཙོ་སོགས་ཀྱིས། བོད་ཀྱི་གནད་དོན་ལ་ལག་པ་འཆང་ན་ཨ་རི་གཞུང་དང་རྒྱ་ནག་གཞུང་གཉིས་ཀྱི་དབར། ཆེས་གཞི་རྒྱ་ཆེ་བའི་ཚོང་འབྲེལ་ལ་བར་ཆད་ཡོང་བར་ཤེས་བཞིན་དུ། བོད་ཀྱི་གནད་དོན་དེ་རྒྱལ་སྤྱིའི་ནང་ཧ་ཅང་གལ་གནད་ཆེ་བའི་ལས་དོན་ཞིག་ལ་ངོས་འཛིན་གནང་སྟེ། ཨ་རིའི་རྒྱལ་ཚོགས་ཁང་ཆེན་སོགས་སུ་དྲིལ་བསྒྲགས་ཤུགས་ཆེར་བྱས་ཡོད་པ་དེས། སླར་ཡང་འཛམ་གླིང་ཐོག་བོད་ཀྱི་བདེན་པའི་འཐབ་རྩོད་ལ་གསོན་ཤུགས་རྒྱས་ཏེ། རྒྱ་ནག་གཞུང་ངོས་ནས་ལྷག་བསམ་རྣམ་དག་ཡིན་མིན་མ་ལྟོས་པར་ལན་ཅིག་མ་བརྒྱབ་རང་བརྒྱབ་ཆགས་ཡོད་སྐོར་གྱི་གནས་ཚུལ་ཡང་སྤེལ་ཡོད་པ་རེད།།