རིགས་སློབ་རྒན་དམ་པ་བློ་བཟང་རྒྱ་མཚོའི་ཡང་སྲིད་ཁྲི་འདོན།

    ཡང་སྲིད་རིན་པོ་ཆེ་བཞུགས་ཁྲིར་འཁོད་ནས་མཎ་ཌལ་རྟེན་གསུམ་འདེགས་འབུལ་དང༌། དབུ་དགེ་དམ་པའི་མཛད་རྣམ་མདོར་བསྡུས་སྒྲོགས་སྦྱང་གནང་རྗེས། རིམ་བཞིན་མི་མང་བྱིངས་ཀྱིས་མཇལ་དར་ཕུལ་ཡོད་པ་རེད། ཡང་སྲིད་བསྟན་འཛིན་ཚེ་བརྟན་རིན་པོ་ཆེ་ནི་ལ་དྭགས་སུ་གནས་བཞུགས་ཡབ་ཚེ་རིང་རྒྱལ་མཚན་དང༌། ཡུམ་སྐལ་བཟང་དབྱངས་སྐྱིད་གཉིས་ཀྱི་སྲས་སུ་སྐུ་འཁྲུངས་པ་དང༌། ཕྱི་ལོ་༢༠༠༦ ཟླ་༢ ཚེས་༡ ཉིན་ྋགོང་ས་སྐྱབས་མགོན་ཆེན་པོ་མཆོག་ནས་རིགས་སློབ་དབུ་དགེ་དམ་པ་རྒན་བློ་བཟང་རྒྱ་མཚོའི་ཡང་སྲིད་འཁྲུལ་བྲལ་ཡིན་པ་ངོས་འཛིན་གནང་བའི་བཀའ་ཡིག་ཕེབས་པ་ཞིག་ཡིན་པ་རེད། མཚན་ཉིད་གྲྭ་ཚང་ངམ་རིགས་སློབ་རྒན་དམ་པ་དེ་ཉིད་ཀྱིས་སྐུ་ཚེ་ཧྲིལ་པོར་བོད་བསྟན་པ་ཆབ་སྲིད་ཀྱི་དོན་དུ་སྐུ་ངལ་འཛེམས་མེད་ཀྱིས་ྋསྐྱབས་མགོན་རིན་པོ་ཆེའི་དཔུང་འདེགས་ལྟ་བུར་བོད་མི་རིགས་ལ་ཕན་པའི་ལས་དོན་སྒྲུབ་རྒྱུའི་དམ་བཅའ་གནང་མྱོང་བ་བཞིན། རིགས་ལམ་སློབ་གཉེར་ཁང་དང༌། ས་རཱ་བོད་ཀྱི་མཐོ་སློབ་ཁང་གསར་འཛུགས་ཀྱིས་སློབ་མ་མང་པོ་བསྐྱེད་བསྲིང་གནང་ནས་རླབས་ཆེན་གྱི་བྱ་གཞག་སྒྲུབ་བཞིན་པའི་སྐབས་སུ། དོལ་རྒྱལ་རྗེས་འབྲངས་པ་འགས་སྐུ་སྲོག་བཀྲོངས་པ་ཞིག་ཡིན་པ་རེད།།