ཉག་རོང་ཐང་སྐྱ་རུ་ས་ཞིང་མ་བཏབ་པར་རྒྱ་གཞུང་གིས་བཙན་གནོན།
མཚམས་དེར་མི་མང་གིས་ངོ་རྒོལ་སྐད་འབོད་བྱས་ནས་མི་༡༡ འཛིན་བཟུང་བྱས་ཡོད་འདུག གྲྭ་ཀུན་བཟང་ཆོས་གྲགས་ཉག་རོང་རྫོང་དུ་མ་ཁྲིད་གོང་ལག་ལྕགས་བརྒྱབ་ཡོད་ནའང་བྲོས་བྱོལ་དུ་འགྲོ་ཐུབ་ནས་ད་ལྟའི་ཆར་གར་སོང་ཆ་མེད་དུ་གྱུར་ཡོད་པ་རེད། དེ་ནས་ཉི་མ་ཁ་ཤས་ཀྱི་རྗེས་སུ་སླར་ཡང་དྲག་ཆས་ཉེན་རྟོག་དམག་དཔུང་ཐང་སྐྱ་རུ་འབྱོར་ནས་ཕྱི་ཚེས་༡༣ ཉིན་གྱི་གནས་ཚུལ་རྩད་གཅོད་བྱེད་པའི་སྐབས་མི་མང་གིས་ངོ་རྒོལ་བྱས་ནས་དྲག་ཆས་ཉེན་རྟོག་པ་དང་མི་མང་གི་བར་དུ་འཁྲུགས་འཛིང་ཤོར་ཡོད་པ་དང༌། ཉེན་རྟོག་པས་མི་མང་གི་ནང་དུ་མཆི་འབྱིན་འབར་མདེལ་ཡང་གཡུགས་ཡོད་པ་རེད། ཨ་སྒོ་ཚང་གི་བུ་པན་པན་ཟེར་བའི་མི་སྐྱ་ཞིག་གི་རྐང་པ་དང་ལག་པ་ལ་མེ་མདའ་ལྔ་ཙམ་བརྒྱབ་ཡོད་པ་དང༌། ཉིན་དེར་ཁོང་དང་བུད་མེད་ཨ་ཟླ་ཟེར་བ་ཞིག་ཀྱང་འཛིན་བཟུང་བྱས་ཡོད་པ་དང༌། དྲག་ཆས་ཉེན་རྟོག་པའང་རེ་ཟུང་ལ་རྨས་སྐྱོན་བཏང་ཡོད་ཚུལ་འདུག ད་ལྟའི་ཆར་ཐང་སྐྱ་གྲོང་གི་མི་མང་ནས་མི་ཆེ་བ་རྣམས་རི་ལ་བྲོས་བྱོལ་དུ་འགྲོ་དགོས་བྱུང་ཡོད་པ་རེད། གནས་ཚུལ་མཁོ་སྤྲོད་པ་ཨ་རིར་གནས་བཞུགས་ཉི་མ་ཚེ་རིང་ལགས་ཡིན།