ནང་ཆོས་ཀྱི་གཞུང་ལུགས་སྦྱོང་རྒྱུ་གལ་ཆེན་ཡིན་སྐོར།

    དེ་བཞིན་ང་རང་ཚོའི་ནང་བསམ་བློའི་སྐྱོན་ཟེར་བ་དེ་ཡང༌། རྐྱེན་མང་པོ་དང༌། ཉོན་མོངས་རྣམ་གྲངས་མང་པོ་ཞིག་ལས་བྱུང་བའི་སྐྱོན་ཞིག་ཡིན་དུས༌། དེ་སེལ་ཐབས་ཀྱང་རྫས་བཞིན་སྣ་ཁ་མང་པོ་ཡོད་པ་ཞིག་དང༌། ཐབས་ཀྱི་ཕྱོགས་དང་ཤེས་རབ་ཀྱི་ཕྱོགས་མང་པོ་ཞིག་གི་ཐོག་ནས་བསམ་བློ་གཏོང་སྟངས་ཤེས་པ་ཡིན་ན། བློ་ལ་འགྱུར་བ་ཤུགས་ཆེ་བ་ཡོང་གི་རེད། གཞན་དད་པ་གཅིག་པུའི་ཐོག་ནས་བླ་མ་མཁྱེན་ཟེར་བ་གཅིག་པུས་སེམས་ལ་འགྱུར་བ་འགྲོ་རྒྱུ་ཁག་པོ་རེད། དེ་འདྲ་ཡིན་དུས་རང་ཉིད་ཀྱི་ཉམས་ལེན་བྱ་རྒྱུའི་ངོས་ནས་བཤད་ནའང༌། སངས་རྒྱས་ཀྱི་ཆོས་སྤྱིའི་འགྲོ་སྟངས་ཤེས་པའི་ཐོག་ནས་ཉམས་ལེན་བྱེད་ཐུབ་ན། ནུས་པ་ཆེ་བ་དང་ས་ཆོད་ཆེ་བ་ཡོང་གི་རེད། དེ་བཞིན་སྤྱི་ཚོགས་ཐོག་ལ་སངས་རྒྱས་ཆོས་ཀྱི་ཤེས་ཚད་ཚད་ལོངས་པ་ཞིག་ཡོང་བ་ལ། སངས་རྒྱས་པའི་གཞུང་གི་ནང་དོན་ཤེས་དགོས་པ་ཧ་ཅང་གལ་ཆེན་པོ་རེད་འདུག་གཱ
    དེར་བརྟེན་གྲུབ་མཐའ་བསླབ་རྒྱུ་གལ་ཆེན་པོ་ཞེ་དྲག་རེད་འདུག དཔེར་ན། ངས་མཐོང་བ་ལ་ཆ་བཞག་ན། བོད་སྔ་རབས་པའི་ནང་ནས་དབུས་པ་བློ་གསལ་གྱི་གྲུབ་མཐའ་ཞིག་ཡོད། དེ་ཕལ་ཆེར་སྔ་མཛད་ཀྱི་གྲས་རེད། དེ་ནས་ཀུན་མཁྱེན་ཀློང་ཆེན་པའི་གསུང་ནང་དུ་གྲུབ་མཐའ་མཛོད་ཡོད་རེད། དེ་ནས་ྋརྒྱལ་བ་དགེ་འདུན་རྒྱ་མཚོས་མཛད་པའི་གྲུབ་མཐའ་ཞིག་ཡོད་པ་དེ་ཉུང་ཉུང་ཞིག་རེད། དེ་ལས་ཅུང་རྒྱ་ཆེ་བ་དང་སྤུས་དག་པ་ཀུན་མཁྱེན་བླ་མ་འཇམ་དབྱངས་བཞད་པས་མཛད་པའི་གྲུབ་མཐའ་ཆེན་མོ་རྩ་འགྲེལ་དང༌། ཡང་དེའི་སྙིང་པོ་བསྡུས་པ་ལྟ་བུ་དེ་བཙུན་པ་དཀོན་མཆོག་འཇིགས་མེད་དབང་པོའི་གསུང་གྲུབ་མཐའ་རིན་ཆེན་འཕྲེང་བ་དང༌། ཡང་དེ་ལས་རྒྱས་པ། ཟུར་བཀོལ་གྱི་གནད་འགག་ཏོག་ཙམ་ཡོད་པ་ལྕང་སྐྱའི་གྲུབ་མཐའ་དེ་ཡག་པོ་འདུག་གཱ དེ་དག་ལ་བལྟ་དགོས་འདུག མདོར་ན་ཕྱི་ནང་གི་ཁྱད་པར་དང༌། ནང་པ་རང་ལ་ཆ་བཞག་ན་གྲུབ་མཐའ་གོང་འོག་གི་ཁྱད་པར། མདོ་སྔགས་ཀྱི་ཁྱད་པར་ཡོད་པ་དེ་ཚོའི་གྲས་ཆ་ཚང་ཞིག་ཤེས་པའི་ཐོག་ནས་སོ་སོས་ཉམས་ལེན་བྱས་པ་ཡིན་ན་ཡང་རེད། གཞན་ལ་ངོ་སྤྲོད་བྱས་པ་ཡིན་ནའང་ཕན་ཐོགས་ཡོད་པ་རེད།
    དེ་ལས་འཕྲོས་ཏེ་ངས་རེ་འདུན་ཞིག་འདོན་འདོད་བྱུང་སོང༌། བར་སྐབས་ཤིག་ལ་སློབ་སྦྱོང་གི་ཐོག་ལ་འབོད་སྐུལ་བྱས་པ་ལྟར་དོ་སྣང་གསར་པ་ཞིག་སླེབས་ཀྱི་ཡོད་རེད། ངས་འདིར་བཤད་པ་ཙམ་མ་ཡིན་པར་དགེ་བཤེས་རྡོ་རྗེ་དགྲ་འདུལ་ཕར་ཚུར་སློབ་གྲྭ་ཁག་ལ་སོང་སྟེ་སློབ་ཕྲུག་ཚོར་འགྲེལ་བཤད་རྒྱག་པ་དེ་འདྲ་བྱས་པ་རེད། དུས་རྒྱུན་ཁྱེད་རང་ཚོས་ནང་ཆོས་ངོ་སྤྲོད་བྱེད་སྡོད་ཀྱི་ཡོད་རེད། སངས་རྒྱས་ཀྱི་ཆོས་སློབ་སྦྱོང་བྱེད་རྒྱུའི་དོ་སྣང་གསར་པ་ཞིག་སླེབས་པ་དེ་ཡག་པོ་ཞེ་དྲག་རེད། ངས་ད་གིན་ལབ་པ་བཞིན་ང་ཚོ་བོད་གངས་ཅན་གྱི་ལྗོངས་སུ་སངས་རྒྱས་ཀྱི་བསྟན་པ་དང་པོ་བཙུགས་མཁན་དེ་མཁན་ཆེན་ཞི་བ་འཚོ་ཆགས་བསྡད་ཡོད་རེད། མཁན་ཆེན་ཞི་བ་འཚོ་ནི་དཔལ་ནཱ་ལེནྜ་ནས་ཐོན་པའི་དགེ་བཤེས་ཆེན་པོ་མཁས་པ་སྙན་གྲགས་ཡོད་པ་ཞིག་དང༌། སྙན་གྲགས་ཡོད་པ་ཙམ་དུ་མ་ཟད། མགོན་པོ་ཀླུ་སྒྲུབ་ཀྱི་རྗེས་འབྲང་དབུ་མ་པའི་ནང་ནས་སེམས་ཙམ་པའི་གཉིས་སྟོང་གི་དེ་ཁོ་ན་ཉིད་དང་ཟུང་དུ་འབྲེལ་བའི་དབུ་མའི་ལྟ་བ་གསུང་མཁན་ཁོང་རེད། ཁོང་ཕལ་ཆེར་སེམས་ཙམ་པ་དང་སྦྲེལ་ནས་དབུ་མའི་ལྟ་བ་སྲོལ་གཏོད་མཁན་དེ་རེད། སློབ་དཔོན་སེངྒེ་བཟང་པོ་ནི་མཁན་ཆེན་ཞི་བ་འཚོའི་རྗེས་འབྲང་པ་རེད།
    མཁན་ཆེན་ཞི་བ་འཚོ་དགུང་ལོ་དགུ་བརྒྱ་ཙམ་བཞུགས་པ་བརྗོད་ཀྱི་ཡོད་པ་བདེན་པ་ཡིན་མིན་མི་ཤེས། ངས་ངོ་ཤེས་པའི་རྒྱ་གར་མཁས་པ་ཨུ་པ་དེ་ཝ་ཞུ་བ་ཞིག་ཡོད། ད་ལྟ་གཤེགས་ཟིན་པ་རེད། ཁོང་གིས་གསུངས་པར། མཁན་ཆེན་ཞི་བ་འཚོ་དགུང་ལོ་དགུ་བཅུ་ཙམ་བཞུགས་པ་རེད། བོད་པ་ཚོས་དགུ་བཅུའི་སྟེང་དུ་ཀླད་ཀོར་གཅིག་བརྒྱབ་ནས་དགུ་བརྒྱ་བཟོས་པ་རེད་ཅེས་གསུངས་བྱུང༌། གང་ལྟར་སྔོན་ལ་སློབ་དཔོན་ལེགས་ལྡན་འབྱེད་ཀྱིས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཡོད་ཀྱང༌། སྐབས་དེ་དུས་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་བརྗོད་ཀྱི་ཡོད་མེད་མི་ཤེས་ཏེ། གང་ལྟར་ཕྱིས་སུ་མཁན་ཆེན་ཞི་བ་འཚོས་རྣལ་འབྱོར་སྤྱོད་པའི་དབུ་མ་རང་རྒྱུད་པ་སྲོལ་གཏོད་ཚར་དུས་སློབ་དཔོན་ལེགས་ལྡན་འབྱེད་ཀྱི་གསུང་སྟངས་དེ་ལ་ཕལ་ཆེར་མདོ་སྡེ་སྤྱོད་པའི་དབུ་མ་རང་རྒྱུད་པ་ཞེས་མཚན་བཏགས་ན་འོས་པའི་བཟོ་འདྲ་པོ་ཆགས་ཀྱི་ཡོད་རེད།
    ངས་འདི་བཤད་དགོས་པ་དེ། མཁན་ཆེན་ཞི་བ་འཚོ་ནི་དཔལ་ནཱ་ལེནྜའི་དགེ་བཤེས་རྩེ་ཕུད་ཅིག་ཡིན་པ་ཙམ་དུ་མ་ཟད། དབུ་མའི་གྲུབ་མཐའ་འཛིན་མཁན་གྱི་ནང་ནས་དམིགས་བསལ་གྱི་སྲོལ་གསར་པ་གཏོད་མཁན་ཞིག་ཆགས་བསྡད་ཡོད་རེད། དེའི་རྗེས་སུ་འབྲང་མཁན་མང་པོ་ཡོང་གི་ཡོད་རེད། དེ་ཡིན་དུས་མཁས་པའི་དབང་པོ་ཆགས་བསྡད་ཡོད་རེད་མ་གཏོགས། ལས་སླ་པོ་ཞིག་ཡོང་གི་མ་རེད་པཱ། དཔེར་ན། ང་རང་ཚོའི་དགེ་བཤེས་ཚོའི་ནང་ནས་རང་ཉིད་ཀྱིས་བསམ་བློ་བཏང་ནས་སྲོལ་གསར་པ་ཞིག་གཏོད་དགོས་བྱུང་ན། རྗེ་རིན་པོ་ཆེ་ལྟ་བུའི་མཁས་པའི་ནང་གི་ཡང་རྩེ་གཞན་དང་མི་འདྲ་བ་ཞིག་མེད་ན། རང་ག་བ་ཞིག་གིས་བྱེད་ཐུབ་ཀྱི་མ་རེད། བྱས་ཙང་མཁན་ཆེན་ཞི་བ་འཚོ་ནི་ཧ་ལས་པའི་མཁས་པ་ཞིག་རེད།
    ཁོང་གིས་མཛད་པའི་དཔེ་ཆ་ང་ཚོས་མཇལ་རྒྱུ་ཡོད་པ་དབུ་མ་རྒྱན་དང༌། ཚད་ཆེན་རེད་ཧ་ལས་པ་ཞིག་འདུག་གཱ ཁོང་གི་དགེ་ཕྲུག་ལ་ཆ་བཞག་ན་སློབ་དཔོན་ཀ་མ་ལ་ཤཱི་ལ་ཡིན་པ་རེད། ཁོང་གིས་མཛད་པའི་དབུ་མ་སྣང་བ་དང་གཅིག སྒོམ་རིམ་ཐོག་མཐའ་བར་གསུམ་དང་གཉིས། ཚད་ཆེན་གྱི་འགྲེལ་པ་བཅས་ལ་བལྟས་ན་ཧ་ལས་པའི་མཁས་པ་ཡིན་པ་གསལ་པོ་རེད། ང་ཚོ་དེའི་དགེ་ཕྲུག་ཆགས་འདུག་གཱ ཆོས་རྒྱལ་ཁྲི་སྲོང་ལྡེ་བཙན་གྱིས་གདན་ཞུ་གནང་ནས་བོད་དུ་ཕེབས་པ་དང༌། མཁན་ཆེན་ཞི་བ་འཚོ་བོད་དུ་ཕེབས་སྐབས་དགུང་ལོ་བདུན་ཅུ་དོན་གྲངས་ནང་རེད་ཟེར་གྱི་ཡོད་རེད། ང་ལ་བསམ་བློ་ཞིག་འཁོར་ཡོང་གི་འདུག དགུང་ལོ་བདུན་ཅུ་དོན་གྲངས་སུ་ཕེབས་པའི་རྒྱ་གར་གྱི་མཁས་པ་ཧ་ཅང་གི་བགྲེས་སོང་ཞིག་བོད་དུ་ཕེབས་དུས་གནམ་གྲུ་ནི་ཡོད་མ་རེད། སྣུམ་འཁོར་ཡོད་མ་རེད། སྐབས་རེ་བོང་བུ་ཞོན་ནས་ཕེབས་ཡོད་ཀྱི་རེད། སྐབས་རེ་མཛོ་དང་རྟ་དྲེལ་ལ་ཆིབས་ནས་ཁྱར་རེ་ཁྱོར་རེ་བྱས་ཏེ་བསམ་ཡས་བར་དུ་ཕེབས་པ་ཡིན་པ་རེད།
    རྒྱ་གར་ཚ་བའི་ལུང་པར་བཞུགས་མཁན་ཞིག་བོད་གནམ་གཤིས་གྲང་བའི་ཡུལ་དུ་ཕེབས་དུས། སྐུ་བསིལ་ནས་སྐབས་རེ་གདིང་བ་ཡང་སྐུ་སྟོད་ལ་བཞེས་ནས་བཞུགས་དགོས་བྱུང་ནས། སྟོད་འགག་དེ་དུས་བྱུང་བ་རེད་ཟེར་གྱི་འདུག་གཱ སྟོད་འགག་གི་ཟུར་དེ་གདིང་བའི་ཟུར་རེད་ཅེས་བཤད་སྲོལ་ཡོང་གི་འདུག
    གང་ལྟར་དེ་ལྟ་བུའི་མཁས་པ་ཞིག་གིས་སྲོལ་གཏོད་པའི་ཆོས་རྒྱུད་འཛིན་མཁན་ཞིག་ཡིན་དུས། ཁ་སང་ལབ་པ་བཞིན་ཁོང་ནི་དབུ་ཚད་སེང་གེ་མཇིང་བསྣོལ་ཞེས་དབུ་ཚད་ཟུང་དུ་འབྲེལ་ནས་གསུངས་པ་རེད། ང་རང་ཚོ་མཁན་ཆེན་ཞི་བ་འཚོའི་རྗེས་འབྲང་ནང་པ་རྣམས་ཀྱིས་ཕྱོགས་གཅིག་ནས་དབུ་མའི་ལྟ་བ་འཛིན་པ་དང༌། དེའི་ནང་ཚན་ནས་ཚད་མའི་གཞུང་ཤེས་དགོས་པ་གལ་ཆེན་པོ་རེད་འདུག དབུ་ཚད་ཟུང་འཇུག་ཅེས་པ་རེད། དེ་འདྲ་ཡིན་དུས་རིགས་ལམ་བསླབ་རྒྱུ་གནད་འགག་ཆེན་པོ་རེད་འདུག
    ཚད་མའི་གཞུང་གི་འགྲོ་སྟངས་བཞིན་གཏན་ཚིགས་བཀོད་ནས་དེ་ཡིན་ན་དེ་ཡིན་དགོས། དེ་ཡིན་ན་དེ་ཡིན་པས་ཁྱབ། དེ་ཡིན་ན་དེ་ཡིན་པས་མ་ཁྱབ་སོགས་ཁྱབ་མ་ཁྱབ་བརྩི་བ་དང༌། སྒྲུབ་བྱེད་བཀོད་ནས་ཐལ་དང་ཕྱིར་ཞེས་པའི་འགྲོ་སྟངས་ཤེས་ན་དགེ་མཚན་ཆེན་པོ་ཡོད་པ་རེད།
འཕྲོས་འདོན་ཐེངས་རྗེས་མར་གཟིགས།