ཨ་རིའི་མི་གཅིག་གསང་བའི་ཐོག་ལྕམ་ཨཱང་སན་སུན་ཅི་ལ་ཐུག་འཕྲད།

    དེ་ཡང་ནོ་བྷེལ་ཞི་བདེའི་གཟེངས་རྟགས་ཐོབ་མྱོང་མཁན་ལྕམ་ལྕམ་ཨཱང་སན་སུན་ཅི་ཡིས་འབར་མའི་དམག་གཞུང་རིང་ལུགས་ཀྱི་དབང་སྒྱུར་ལ་ངོ་རྒོལ་བྱེད་ཆེད་དུ་འབར་མའི་མང་གཙོ་ཚོགས་པ་བཙུགས་ཏེ། ཕྱི་ལོ་༡༩༩༠ རྒྱལ་ཡོངས་འོས་བསྡུའི་ལམ་ནས་ཆབ་སྲིད་ཚོགས་པ་གཉིས་ཀྱིས་གཞུང་འཛིན་དབང་ཆ་ལ་འགྲན་སྡུར་བྱེད་སྐབས། མང་གཙོ་ཚོགས་པའི་ལྕམ་ཨཱང་སན་སུན་ཅི་ལ་བརྒྱ་ཆ་༨༠ རྒྱལ་ཁ་ཐོབ་ནས་འཛམ་གླིང་འོས་བསྡུའི་འགྲན་རྩོད་ནང་འོས་ཐོབ་ཀྱི་གྲངས་འབོར་ཆེ་ཤོས་ཆགས་ཡོད་རུང༌། འབར་མའི་དམག་གཞུང་གིས་དང་ལེན་མ་བྱས་པར་བཀར་ཉར་ཁང་དུ་མི་ལོ་༡༩ ཁྲིམས་ཐག་བཅད་པ་རེད།
    ཟླ་འདིའི་ཚེས་༢༧ ཉིན་བཀག་ཉར་གྱི་དུས་ཡུན་རྫོགས་རྒྱུ་ཡིན་པས་འབར་མའི་མི་མང་གིས་གློད་གྲོལ་ཐོབ་རྒྱུར་རེ་བ་ཆེན་པོ་བྱེད་བཞིན་ཡོད་པ་དང༌། དེ་དང་བསྟུན་ནས་ཨ་རིའི་མི་སེར་ཡིན་མཁན་ཇོན་ཝི་ལིམ་ཟེར་བ་ཞིག་གསང་བའི་ཐོག་ནས་བཀག་ཉར་ཁང་དུ་འཛུལ་ནས། ལྕམ་དང་མཉམ་དུ་ཆབ་སྲིད་ཀྱི་ལས་དོན་གཉེར་ནས་གསང་བའི་ཐོག་ནས་བསྡད་ཡོད་པ་ཞིག་དམག་གཞུང་གིས་འཛིན་བཟུང་བྱས་ཡོད་པ་རེད།
    སྤྱིར་བཀག་ཉར་ཁང་དེའི་མཐར་མཚེའུས་བསྐོར་ཏེ་ལས་སླ་པོར་མི་འགྲོ་བསྐྱོད་བྱེད་ཐུབ་ཀྱི་མེད་པ་དང༌། ཨ་རི་བ་དེས་པར་ཆས་དང་ཨ་སྒོར། ཆུ་སོགས་ཁྱེར་ནས་ཆུ་རྐྱལ་བརྒྱབ་སྟེ་བཀག་ཉར་ཁང་དུ་ཚུར་ལོག་ཡོང་སྐབས་འཛིན་བཟུང་བྱས་ཡོད་པ་རེད། དེའི་རྐྱེན་བྱས་ཏེ་དེང་སྐབས་བཀག་ཉར་ཁང་དེར་དམ་དྲག་ཆེ་རུ་བཏང་ཡོད་པས། མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྐུ་ཚབ་གཅིག་ཆེད་མངགས་ཀྱིས་བཙུགས་ཡོད་རུང༌། འབར་མའི་དམག་གཞུང་གིས་རྒྱལ་ཚོགས་ཀྱི་བཀའ་རྒྱ་བརྩི་སྲུང་བྱེད་ཀྱི་མེད་པའི་གནས་ཚུལ་ཁྱབ་བསྒྲགས་བྱས་ཡོད་པ་རེད།།