ནང་ཆོས་ལས་ཉམས་ལེན་གྱི་རིམ་པའི་སྐོར།

    ང་ཚོ་ནང་པའི་ཆོས་ངོ་སྤྲོད་བྱེད་པ་ལ། སྐྱེ་བ་ཕྱི་མ་ཁས་ལེན་མཁན་ཞིག་མེད་ན་ཁག་པོ་ཡོད་རེད། སྐྱེ་བ་སྔ་ཕྱི་གཉིས་ལས་སྐྱེ་བ་ཕྱི་མ་ཁས་ལེན་མཁན་ཞིག་ལ་ངོ་སྤྲོད་བྱེད་དགོས་ཀྱི་ཡོད་རེད། ཚེ་འདིའི་བདེ་བ་ལ་ཡིན་གཅིག་མིན་གཉིས་ཆོས་བྱེད་དགོས་པ་ཡོད་མ་རེད། ཚོང་རྒྱག་པ་དང༌། དཔལ་འབྱོར་འདུ་འགོད་བྱེད་པ་ལ་སོགས་པ་བྱེད་རྒྱུ་ཡོད་པ་རེད་པཱ། ཆོས་པ་ཟེར་ན་དེ་མ་རེད། ཚེ་འདིའི་བདེ་བ་མ་རེད། ཚེ་ཕྱི་མའི་བདེ་བ་རེད། ཕྱི་མའི་བདེ་བའི་དོན་དུ་མ་མཐའ་ཡང་ཆོས་ལ་རབ་འབྲིང་གསུམ་ཡོད་པའི་ནང་ནས། ཆོས་མཐའ་མ་དེ་ཚེ་ཕྱི་མའི་བདེ་བའི་དོན་དུ་བྱེད་ཀྱི་ཡོད་རེད།
    ཚེ་ཕྱི་མ་འདོད་པ་ཡིན་དུས། ཚེ་ཕྱི་མའི་བདེ་བའི་རྒྱུ་དེ་སྒྲུབ་དགོས་ཀྱི་ཡོད་རེད། ཚེ་ཕྱི་མའི་བདེ་བ་སྒྲུབ་དགོས་ན་ག་རེ་བྱེད་དགོས་རེད་ཟེར་ན། སྐྱེ་བ་ཕྱི་མ་ཁས་བླངས་ན་འགྲོ་ས་ལམ་ཁ་གཉིས་མ་གཏོགས་ཡོད་མ་རེད། ངན་འགྲོ་དང་བདེ་འགྲོ་གཉིས་རེད། ཚེ་འདི་ལ་ལས་ངན་པ་སྡུག་རིགས་ངན་ཚད། སྲོག་གཅོད་པ་དང༌། མ་བྱིན་པ་ལེན་པ། གང་ལྟར་མི་དགེ་བ་བཅུ་ལ་སོགས་པ་སྤྱོད་པ་ངན་པ་བྱས་པ་ཡིན་ན། ཚེ་ཕྱི་མ་ངན་འགྲོ་ལ་འགྲོ་ཡི་ཡོད་རེད། ངན་འགྲོ་ཟེར་བ་གསུམ་ཡོད་རེད། དམྱལ་བ། ཡི་དྭགས། དུད་འགྲོ་ཞེས་ང་ཚོས་མིག་གིས་མཐོང་རྒྱུ་ཡོད་པ་དུད་འགྲོ་རེད། དམྱལ་བ་དང་ཡི་དྭགས་ད་ལྟ་ང་ཚོས་མིག་གིས་མཐོང་གི་ཡོད་མ་རེད།
    བྱས་ཙང་མི་དགེ་བའི་ལས་ཆེན་པོ་ཞིག་བྱས་པ་ཡིན་ན། དམྱལ་བ་ལ་སྐྱེ་ཡི་ཡོད་རེད། མི་དགེ་བའི་ལས་འབྲིང་ཞིག་གིས་ཡི་དྭགས་ལ་སྐྱེ་ཡི་ཡོད་རེད། མི་དགེ་བའི་ལས་ཆུང་ངུ་ཞིག་བྱས་པ་ཡིན་ན། ཚེ་ཕྱི་མ་དུད་འགྲོ་རུ་སྐྱེ་ཡི་ཡོད་རེད། ཚེ་ཕྱི་མའི་བདེ་བ་འདོད་པ་ལ་ལྷ་དང་མི་ཡི་གོ་འཕང་ཐོབ་དགོས་ཀྱི་ཡོད་རེད། ལྷ་མིའི་སྐྱེ་བ་ལེན་དགོས་ན་དེའི་རྒྱུ་ག་རེ་དགོས་རེད་ཟེར་ན། ཚུལ་ཁྲིམས་སྲུང་དགོས་ཀྱི་ཡོད་རེད། ཚུལ་ཁྲིམས་སྲུང་ཟེར་བ་དེ་ངེས་པར་དུ་གྲྭ་པ་དང་བཙུན་མ་བྱེད་དགོས་པའི་སྐད་ཆ་མ་རེད། ཚུལ་ཁྲིམས་ཟེར་བ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དེ་རེད། མི་དགེ་བ་བཅུ་ནི། སྲོག་གཅོད་པ། མ་བྱིན་པ་ལེན་པ། ལོག་གཡེམ་བཅས་ལུས་ཀྱི་སྒོ་ནས་མི་དགེ་བ་གསུམ། ངག་གི་སྒོ་ནས་རྫུན། ཕྲ་མ། ཚིག་རྩུབ། ངག་འཁྱལ། ཡིད་ཀྱི་སྒོ་ནས་བརྣབ་སེམས། གནོད་སེམས། ལོག་ལྟ་བཅས་པ་ངོ་ཤེས་དགོས་ཀྱི་ཡོད་རེད། མི་དགེ་བ་བཅུ་ཀ་སྤངས་ཐུབ་ན་ཡག་པོ་རེད། དཔེར་ན། སྲོག་གཅོད་པ་སྤངས་པའི་ཚུལ་ཁྲིམས་ལྟ་བུ་ཡག་པོ་སྲུང་བ་ཡིན་ན། ཚེ་ཕྱི་མ་ལྷ་དང་མི་ལ་སྐྱེ་ཡི་ཡོད་རེད།
    ལྷ་དང་མིའི་བདེ་བ་ཐོབ་བྱེད་དེ་མི་དགེ་བཅུ་སྤོང་གི་ཚུལ་ཁྲིམས་དེ་སྲུང་དགོས་ཀྱི་ཡོད་རེད། མིའི་ནང་གི་དཔལ་འབྱོར་ཆེན་པོ་ཞིག་བྱེད་དགོས་བསམ་པ་ཡིན་ན། སྦྱིན་པ་གཏོང་དགོས་ཀྱི་ཡོད་རེད། སྦྱིན་པ་ལ་གཉིས་ཡོད་རེད། ཡར་དཀོན་མཆོག་ལ་མཆོད་པ་དང༌། མར་སྐྱོ་པོ་ལ་སྦྱིན་པ་བཏང་བ་ཡིན་ན། སྐྱེ་བ་རྗེས་མ་དཔལ་འབྱོར་ཡག་པོ་ཆགས་ཀྱི་ཡོད་རེད། ཚེ་ཕྱི་མ་ལྷ་མིའི་བདེ་བ་ཐོབ་པ་དང༌། དཔལ་འབྱོར་ཡག་པོ་དགོས་ཀྱི་ཡོད་ན། དེའི་རྒྱུ་ཚུལ་ཁྲིམས་སྲུང་བ་དང༌། སྦྱིན་པ་གཏོང་བ་གཉིས་རེད།
    དེ་བཞིན་མི་ཚེ་རིང་པོ་དང༌། ཤེས་ཡོན་ཡག་པོ། དེ་འདྲ་དགོས་ན། ཚེ་འདི་ལ་ཤེས་ཡོན་ཡག་པོ་སྦྱོང༌། ཤེས་རབ་དང་རྣམ་དཔྱོད་ཀྱི་བག་ཆགས་བཟང་པོ་འཇོག་དགོས་ཀྱི་ཡོད་རེད། ཚེ་ཕྱི་མར་གཟུགས་ཡག་པོ་དགོས་ཀྱི་ཡོད་ན། བཟོད་པ་སྒོམ་དགོས་ཀྱི་ཡོད་པ་རེད། མདོར་ན། སྦྱིན་པ་གཏོང་བ་དང༌། ཚུལ་ཁྲིམས་སྲུང་བ། བཟོད་པ་སྒོམ་པ་སོགས་ཕར་ཕྱིན་དྲུག་ལ་བསླབ་པ་ཡིན་ན། ཚེ་ཕྱི་མར་མངོན་མཐོ་ལྷ་མིའི་གོ་འཕང་འཐོབ་ཀྱི་ཡོད་རེད། ད་དུང་དེ་ལས་ཐག་རིང་ཙམ་བསམ་བློ་བཏང་བ་ཡིན་ན། ཚེ་ཕྱི་མ་བདེ་བ་ཐོབ་པ་གཅིག་པུས་ཕན་གྱི་མ་རེད། ཚེ་ཕྱི་མ་བདེ་རུ་བདེ་རུ་ཕྱིན་ནས་གཏན་དུ་བདེ་བ་ཐོབ་པ་བྱུང་ན། ཐར་པ་དོན་དུ་གཉེར་བ་ཞེས་པ་རེད། ཐར་པ་དོན་དུ་གཉེར་བ་ལ་ག་རེ་དགོས་རེད་ཟེར་ན། མི་རྟག་སོགས་བཅུ་དྲུག ཟབ་མོ་སྟོང་པ་ཉིད། བདག་མེད་པ། འདུས་བྱས་ཐམས་ཅད་མི་རྟག་པ། ཟག་བཅས་ཐམས་ཅད་སྡུག་བསྔལ་བ་ལ་སོགས་པ་ལ་སློབ་སྦྱོང་བྱས་ནས་ཡང་ནས་ཡང་དུ་གོམས་པར་བྱས་ན། དེ་ནས་ཐར་པ་འཐོབ་ཀྱི་ཡོད་རེད།
    ཐར་པ་ཞེས་པ་ཐོབ་པ་ཡིན་ན། སྡུག་བསྔལ་ཡོང་རྒྱུ་མེད་པ་རེད། སྡུག་བསྔལ་མ་ལུས་པ་སྤངས་པ་རེད་དེ་གཞན་གྱི་དོན་མཐའ་དག་བྱེད་ཐུབ་ཀྱི་ཡོད་མ་རེད། ང་རང་ཚོས་སེམས་ཅན་ཐམས་ཅད་ཀྱི་དོན་བྱེད་དགོས་ཀྱི་ཡོད་རེད། སེམས་ཅན་ཐམས་ཅད་རང་གི་མ་བྱས་ཚར་བ་རེད། རང་ལ་དྲིན་པོ་ཆེན་པོ་རེད་པཱ། ངོ་མི་ཤེས་པ་མ་གཏོགས་ཁྱོད་རང་ངའི་ཨ་མ་བྱས་ཡོད་རེད། ང་ཁྱོད་རང་གི་ཨ་མ་བྱས་ཡོད་རེད། ག་རེ་རེད་ཟེར་ན་སྐྱེ་བ་ལ་ཐོག་མ་ཡོད་མ་རེད། དེར་བརྟེན་ཚེ་སྔོན་མ་ལྷའི་ལུས་དང་མིའི་ལུས་སོགས་ལུས་འདྲ་མིན་བླངས་ཡོད་རེད། དེ་འདྲའི་ལུས་ལེན་པའི་སྐབས་ལ་ཕ་མ་དགོས་ཀྱི་ཡོད་རེད། སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང༌། སེམས་ཅན་ཐམས་ཅད་སྡུག་བསྔལ་དང་བྲལ་བ་ཟེར་དུས་ཆོས་ཀྱི་གནད་ཆེན་པོ་དང༌། ཚད་མཐོན་པོའི་སྐད་ཆ་བཤད་ཀྱི་ཡོད་རེད། བྱས་ཙང་སེམས་ཅན་ཐམས་ཅད་བདེ་བ་དང་ལྡན་པ་དང༌། སྡུག་བསྔལ་དང་བྲལ་བར་ག་རེ་དགོས་ཀྱི་ཡོད་རེད་ཟེར་ན། ཐར་པ་ཐོབ་པ་གཅིག་པུས་ཕན་གྱི་ཡོད་མ་རེད། ཐམས་ཅད་མཁྱེན་པ་ཐོབ་དགོས་ཀྱི་ཡོད་རེད། ཐར་པ་ཐོབ་པའི་གཞི་ལམ་འབྲས་གསུམ་ལ་བརྩོན་པ་ཡིན་ན། ནང་པ་སངས་རྒྱས་པའི་ཆོས་འབྲིང་དེ་རེད། སེམས་ཅན་ཐམས་ཅད་ཀྱི་དོན་སྒྲུབ་པ་དང༌། རྒྱལ་སྲས་བྱང་ཆུབ་སེམས་པའི་སྤྱོད་པ་ལ་བསླབ་ན། སྐྱོན་ཀུན་ཟད་ཡོན་ཏན་ཀུན་ལྡན་གྱི་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་འཐོབ་ཀྱི་ཡོད་རེད།
    སེམས་ཅན་ཐམས་ཅད་ཀྱི་དོན་དུ་སངས་རྒྱས་ཀྱི་གོ་འཕང་རིན་པོ་ཆེ་ཅི་ནས་ཀྱང་འཐོབ་པར་བྱའོ་སྙམ་པའི་བྱང་ཆུབ་ཀྱི་སེམས་རྒྱུད་ལ་སྐྱེས་ནས། དེ་འདྲའི་སྦྱིན་པ་དང་ཚུལ་ཁྲིམས་ཀྱི་ཉམས་ལེན་ལ་བསླབ་པ་ཡིན་ན་ཐེག་པ་ཆེན་པོའི་ཆོས་ཟེར་བ་དེ་ཆགས་ཀྱི་ཡོད་རེད།
    མདོར་ན་ནང་པ་སངས་རྒྱས་པའི་ཆོས་ཞེས་པ་དེ་ཚེ་ཕྱི་མ་དོན་དུ་གཉེར་ནས་ཆོས་བྱེད་པ་ཞིག་དང༌། དེ་ལས་ཟབ་པ་ཞིག་ལ་བདེ་བ་མཐར་ཐུག་ཐར་པ་འཐོབ་པ་ལ་བརྩོན་པ་ཞིག དེ་ལས་མཐོ་ཙམ་ཞིག་ལ་ཐམས་ཅད་མཁྱེན་པ་འཐོབ་པའི་དོན་དུ་ཆོས་བྱེད་པ་དེ་ཚད་མཐོ་ཤོས་ཐེག་པ་ཆེན་པོའི་ཆོས་ཆགས་ཀྱི་ཡོད་རེད། ཐེག་པ་ཆེན་པོའི་ཆོས་ལ་མདོ་དང་སྔགས་ཞེས་ཡོད་པ་རེད།།