ཡུ་གུར་མི་རིགས་ལ་རྒྱ་ནག་གིས་དྲག་གནོན།
དེ་ཡང་རྒྱ་ནག་གི་དབང་བསྒྱུར་འོག་ཡོད་པའི་ཡུ་གུར་གྲངས་ཉུང་མི་རིགས་ནི། རྒྱ་ནག་གཞུང་གིས་ཁ་ཆེའི་འཇིགས་སྐུལ་རིང་ལུགས་པ་ཞེས་ངན་ཁག་གཡོགས་ནས་རྒོལ་རྡུང་གཏོང་ཡུལ་དུ་གྱུར་ཡོད་ཅིང༌། ཉེ་དུས་བདུན་༢ ཀྱི་སྔོན་དུ་རྒྱ་ནག་གི་བཟོ་གྲྭ་ཞིག་ནང་རྒྱ་རིགས་ཁག་ཅིག་གིས་ཡུ་གུར་བ་གཉིས་མི་རིགས་འཐབ་རྩོད་ཀྱི་མིང་ཐོག་ནས་བསད་ཡོད་པ་དང༌། ཡུ་གུར་བ་མི་གྲངས་༡༡༨ ལ་རྨས་སྐྱོན་ཚབས་ཆེན་ཕོག་ནས་སྨན་ཁང་དུ་བསྐྱལ་དགོས་བྱུང་ཡོད་པ་རེད། གནས་ཚུལ་དེར་ཁག་གཡོགས་ནས་རྒྱ་རིགས་ཀྱི་བཟོ་གྲྭ་ཆེ་ཁག་ནས་ཡུ་གུར་བའི་ལས་མི་ཚོ་ཕྱིར་ཕུད་གཏོང་འགོ་ཚུགས་ཡོད་པ་རྣམས་ལ། རྒྱ་གཞུང་གིས་རྒྱ་ནག་ཧན་མི་རིགས་ལ་རྒྱབ་རྩ་བྱས་པ་དང་ཡུ་གུར་གྲངས་ཉུང་མི་རིགས་ཀྱི་བདེན་དོན་ལ་སྣང་ཆུང་བཏང་ནས། འཁྲུག་རྩོད་ཤོར་རྐྱེན་དང་མི་གསོད་གྱོད་གཞི་ལ་དྲང་བདེན་གྱི་ཁྲིམས་ཐག་སོགས་གང་ཡང་བཅད་མེད་པའི་རྐྱེན་གྱིས། ཤིན་ཅང་གི་རྒྱལ་ས་དང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་ལྟེ་གནས་ཀཱ་ཤི་རྒར་གཉིས་སུ་མི་མང་གིས་དྲང་བདེན་གྱི་ཁྲིམས་ཐག་གཅོད་དགོས་ཞེས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད་པ་རེད། ངོ་རྒོལ་བ་ཚོས་དང་པོ་ལག་ཏུ་སྨྱུག་མ་རེ་ཁྱེར་བ་ལས་དྲག་པོའི་མཚོན་ཆ་སོགས་གང་ཡང་མེད་པའི་ཐོག་ནས་ཞི་རྒོལ་ཁོ་ན་བྱས་ཡོད་ཀྱང༌། རྒྱ་གཞུང་གིས་དྲག་ཆས་ཉེན་རྟོག་པས་མི་མང་ཁྲོད་དུ་མེ་མདའ་གང་བྱུང་བརྒྱབ་པའི་རྐྱེན་གྱིས། མི་མང་གིས་ཉེན་རྟོག་པའི་རླངས་འཁོར་དང་ཚོང་ཁང་སོགས་ལ་མེ་བསྲེགགཏོང་དགོས་བྱུང་ཡོད་པ་དང༌། རྒྱ་གཞུང་གིས་ཤིན་ཅང་དུ་ལག་ཐོགས་ཁ་པར་གྱི་བརྒྱུད་ལམ་དང་དྲ་རྒྱའི་བརྒྱུད་ལམ་ཡོངས་རྫོགས་བཀག་བསྡོམས་བྱས་ཡོད་པ་རེད།
རྒྱ་ནག་གི་གཞུང་འབྲེལ་གསར་ལམ་ཁག་ནས་ཕྱི་རྒྱལ་ཁག་ཏུ་ཡོད་པའི་ཡུ་གུར་ཁ་ཆེ་མི་རིགས་རྣམས་ཀྱི་ངན་སྐུལ་འོག ཡུ་གུ་ཁ་ཆེ་བ་ཚོས་ཁ་བྲལ་གྱི་ལས་འགུལ་སྤེལ་ཆེད་དང༌། ཧན་མི་རིགས་ལ་ཇི་ལྟར་རྒོལ་རྡུང་གཏོང་ཐབས་ཀྱི་གྲོས་བསྡུར་བྱེད་ཆེད་ལྷ་ཁང་ཁག་ཏུ་འདུ་འཛོམས་ཀྱིས། རྒྱ་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྣ་ཚོགས་སྤེལ་རྒྱུའི་གྲ་སྒྲིག་བྱེད་བཞིན་ཡོད་པ་རྣམས། ཉེན་རྟོག་པས་ཤེས་རྟོགས་ཐུབ་ནས་ལྷ་ཁང་ནང་འདུ་འཛོམས་བྱེད་བཞིན་ཡོད་པའི་མི་ཡོངས་རྫོགས་ཁ་ཐོར་བཏང་ཡོད་པ་རེད་ཅེས་འགྲེལ་བརྗོད་བྱས་ཡོད་པ་རེད།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཆེ་བྷན་ཀི་མུས་མཆོག་གིས། རྒྱ་ནག་ལ་མི་མང་གི་ཚེ་སྲོག་ལ་རིན་ཐང་བརྩི་དགོས་སྐོར་གྱི་ཉེན་བརྡ་བཏང་ཡོད་པ་དང༌། དེ་བཞིན་དབྱིན་ཇི་གཞུང་དང་ཨ་རིའི་ཕོ་བྲང་དཀར་པོའི་མགྲིན་ཚབ་པས། ཤིན་ཅང་དུ་མི་མང་པོའི་ཚེ་སྲོག་ཤོར་ཡོད་པ་དང་རྨས་སྐྱོན་ཚབས་ཆེན་ཕོག་ཡོད་པ་རྣམས་ལ་སེམས་འཚབ་བྱེད་བཞིན་ཡོད་ལ། རྒྱ་ནག་གཞུང་གི་ངོས་ནས་དྲག་སྤྱོད་དེ་རིགས་ངེས་པར་དུ་མཚམས་འཇོག་བྱེད་དགོས་ཞེས་གསར་ལམ་ཁག་ཏུ་ཁྱབ་བསྒྲགས་ཤུགས་ཆེ་བྱས་ཡོད་པ་རེད།